ཀཱར་ནཱ་ཊ་ཀཱ་མངའ་སྡེ་ཡིས་ཅིའི་ཕྱིར་ས་ཁུལ་གྱི་དར་ཆ་དགོས་པའི་རེ་འདུན་འདོན་གྱི་ཡོད།

རྒྱ་གར་ལྷོ་ཕྱོགས་ཀཱར་ནཱ་ཊ་ཀཱ་(Karnataka )མངའ་སྡེ་གཞུང་གིས་མངའ་སྡེའི་དར་ཆ་གཞུང་འབྲེལ་ངོས་བྱེད་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་ལྟར། བྷི་བྷི་སི་གསར་ཁང་གིས་གནད་དོན་དེ་ཅིའི་ཕྱིར་འཐབ་རྩོད་རང་བཞིན་ཞིག་ཆགས་པའི་སྐོར་ལ་རྒྱུས་ལོན་བྱས་དོན།

ཀཱར་ནཱ་ཊ་ཀཱའི་དར་ཆ།

ཀཱ་ནཱ་ཊ་ཀཱ་མངའ་སྡེ་ཡིས་ ༡༩༦༠ ལོ་ནས་བཟུང་རྒྱ་གར་གཞུང་གིས་ངོས་ལེན་མེད་བཞིན་དུ་ས་ཁུལ་གྱི་དར་ཆ་ཞིག་འཕྱར་གྱི་ཡོད་པ་དང་། དར་ཆ་དེ་མཚོན་མདོག་དམར་པོ་དང་སེར་པོ་གཉིས་ལས་གྲུབ་ཅིང་། ས་གནས་མི་མང་ཚོས་དར་ཆ་དེ་བེད་སྤྱོད་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལས་འགུལ་སོགས་ག་རེ་སྤེལ་ཡང་དར་ཆ་དེ་འཕྱར་གྱི་ཡོད། ཁོ་ཚོར་ད་དུང་མངའ་སྡེ་རང་གི་སྐད་ཡིག་ཡོད་ཅིང་། སྐད་ཡིག་མིང་ལ་ཀཱ་ནཱ་ཌཱ་(Kannada)ཞེས་འབོད།

རྒྱ་གར་རང་དབང་ཉིན་མོ་དང་རྒྱལ་ཡོངས་དུས་དྲན་ཆེ་ཁག་ལ་ཁོང་ཚོས་དར་ཆ་དེ་འཕྱར་གྱི་མེད་ཀྱང། མི་མང་ཚོས་ཟླ་ ༡༢ པའི་ཚེས་ ༡ ཉིན་མངའ་སྡེ་ཡོངས་སུ་དར་ཆ་དེ་འཕྱར་ནས་མངའ་སྡེ་ཉིན་མོར་སྲུང་གཙི་བྱེད་ཀྱིན་ཡོད། ལོ་མང་པོའི་གོང་ནས་ཁོ་ཚོས་རྒྱ་གར་དབུས་གཞུང་ལ་དར་ཆ་དེ་མངའ་སྡེའི་གཞུང་འབྲེལ་དར་ཆར་ངོས་འཛིན་དགོས་པའི་རེ་འདུན་འདོན་གྱི་ཡོད།

ཟླ་སྔོན་མའི་ནང་གཱང་རི་སི་ཚོགས་པས་སྣེ་ཁྲིད་པའི་མངའ་སྡེ་གཞུང་གི་རྩ་ཁྲིམས་འོག གྲོས་ཚོགས་འཐུས་མི་དང་ཤེས་ཡོན་པ་དགུ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། དར་ཆ་དེ་གཞུང་འབྲེལ་ཁྲིམས་མཐུན་ངོས་ལེན་བྱེད་མིན་ལ་རྟོག་ཞིབ་དང་། དར་ཆའི་ངོས་ཀྱི་རི་མོ་སོགས་ལ་བརྗེ་སྒྱུར་བྱ་དགོས་མིན་ཞིབ་འཇུག་བྱེད་བཞིན་ཡོད་འདུག

དཀའ་ངལ་ག་རེ་ཡོད་དམ།

རྒྱ་གར་གཞུང་འབྲེལ་ངོས་ལེན་ཡོད་པའི་མངའ་སྡེའི་དར་ཆ་ནི་ཇཱ་མུ་དང་ཀཱ་ཤི་མཱིར་མངའ་སྡེ་གཅིག་པུ་ཡིན་པ་དང་། ཀཱ་ཤི་མིར་མངའ་སྡེ་ལ་རྒྱ་གར་གཞུང་གི་རྩ་ཁྲིམས་འོག་དམིགས་བསལ་ཐོབ་ཐང་ཡོད།

ཀཱར་ནཱ་ཊ་ཀཱ་མངའ་སྡེའི་དར་ཆ་གཞུང་འབྲེལ་ངོས་ལེན་དགོས་པའི་རེ་འདུན་ཐད། དེ་སྔོན་བྷེ་རྗི་པེ་(BJP)ཆབ་སྲིད་ཚོགས་པས་མངའ་སྡེ་གཞུང་འཛིན་སྐྱོང་བྱེད་སྐབས་ནས་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་བྱས་ཡོད་ཅིང་། ༢༠༡༢ ལོར་བྷེ་རྗི་པེ་གཞུང་འཛིན་ཚོགས་པས་དེ་ནི་ཁ་བྲལ་བའི་བྱ་སྤྱོད་ཅིག་ཡིན་པར་བརྗོད་དེ་ངོས་ལེན་བྱས་མེད་པ་མ་ཟད། སྐབས་དེར་ “རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཆེ་མཐོང་ལ་ངོ་ལོག་བྱས་པ་ཞིག་ཆགས་ཡོད།” ཅེས་བརྗོད་ཡོད།

བདུན་ཕྲག་སྔོན་མའི་ནང་རྒྱ་གར་གཞུང་གིས་བསྐྱར་དུ་དོ་ནན་མོས་ཐོག་ནས་མངའ་སྡེ་སུ་ཞིག་ལའང་རྩ་ཁྲིམས་ནང་དར་ཆ་གཉིས་པ་ཞིག་འཕྱར་བའི་ཐོབ་ཐང་མེད་ཅེས་བརྗོད་ཡོད་འདུག རྒྱ་གར་གྱི་(Press Trust of India)ཞེས་པའི་གསར་ཁང་གིས་ནང་སྲིད་བློན་ཆེན་གྱི་སྐད་ཆ་ཞིག་ལུང་འདྲེན་བྱས་པའི་ནང་ “ང་ཚོ་ནི་རྒྱལ་ཁབ་གཅིག་དང་རྒྱལ་དར་གཅིག་ཡིན་པ་ལས། ཁྲིམས་ཀྱི་ངོས་ནས་བཀག་སྡོམ་བྱས་དང་མ་བྱས་ལ་མ་ལྟོས་པར་མངའ་སྡེ་སུ་གང་ལའང་དར་ཆ་གཉིས་པ་འཕྱར་རྒྱུའི་དབང་ཚད་མེད།” ཅེས་བརྗོད་ཡོད།

ཀཱར་ནཱ་ཊ་ཀཱ་མངའ་སྡེའི་བློན་ཆེན་(Siddaramaiah)ཡིས་གནད་དོན་འདིའི་ཐད་དྲི་བའི་ལམ་ནས་བརྗོད་དོན་ “རྩ་ཁྲིམས་ནང་མངའ་སྡེ་ཞིག་གིས་རང་གི་དར་ཆ་འཕྱར་མི་ཆོག་པ་གང་དུ་འཁོད་ཡོད་དམ། ཆ་རྐྱེན་དེ་འདྲ་ཞིག་བྷེ་རྗི་པེ་ཚོགས་པའི་གཞུང་འཛིན་པ་ཚོས་རྩ་ཁྲིམས་ནང་བཞག་པ་རེད་དམ། ཁོ་ཚོས་ད་དུང་ཀཱར་ནཱ་ཊ་ཀཱ་མངའ་སྡེ་ལ་དར་ཆ་གཅིག་ཀྱང་མི་དགོས་ཚུལ་བཤད་སྲིད་པ་རེད།” ཅེས་བརྗོད་ཡོད།

གནད་དོན་དེ་ཆབ་སྲིད་ཀྱིས་ཁ་ལོ་བསྒྱུར་ཐུབ་པ་ཞིག་ཡིན་ནམ།

ཀཱར་ནཱ་ཊ་ཀཱ་མི་མང་གི་རྩོད་རྙོག་དེ་ནི། ལོ་རྗེས་མར་མངའ་སྡེའི་གྲོས་ཚོགས་འོས་བསྡུ་འཁེལ་གྱི་ཡོད་པ་དང་། གཱང་རི་སི་ཚོགས་པས་ད་ལྟ་མངའ་སྡེའི་གཞུང་བཟུང་ཡོད་པ་ལྟར། ལོ་རྗེས་མར་བསྐྱར་དུ་འོས་ཐོབ་རྒྱུར་དམིགས་ཏེ་ས་གནས་མི་མང་འགུག་ཐབས་སུ་ཆེད་དུ་བསླངས་པའི་རྩོད་ཉོག་ཅིག་རེད། ཅེས་བྷང་ལོར་བརྟེན་གཞི་བྱས་པའི་བྷི་བྷི་སི་ཧིན་རྡུའི་གསར་འགོད་པ་(Imran Qureshi)ཡིས་བརྗོད་ཡོད།

མངའ་སྡེ་བློན་ཆེན་(Siddaramaiah)ཡིས་གནད་དོན་དེ་འོས་ཤོག་གི་ཆེད་མ་རེད། འོས་བསྡུ་ལོ་རྗེས་མའི་ཕྱི་ཟླ་ ༥ པའི་ནང་ཡིན་སྟབས་ད་དུང་བར་ཐག་རིང་པོ་ཡོད་པ་རེད་ཅེས་བརྗོད་འདུག འོན་ཀྱང་ཕྱི་གྱར་ཕྱིན་པའི་ཡིག་ཆ་ཞིག་ཏུ། མཐའ་ན་སྲིད་བློན་ཁོ་རང་གི་ཚོགས་པའི་ལས་རོགས་ཚོའི་ནང་དུའང་ལས་འགུལ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་འཁྱེར་ནས་ཆེད་དུ་བཟོས་པ་ཞིག་ཡིན་པར་བརྗོད་ཡོད་པ་རེད།

གཱང་རི་སི་ཚོགས་པའི་དབུ་ཁྲིད་མཐོ་ཤོས་ཤིག་གིས་ “ས་ཁུལ་ཞིག་ལ་དར་ཆ་དགོས་པར་བརྗོད་པ་ནི་རྒྱལ་ཁབ་ཀྱི་རྒྱལ་དར་ལ་གུས་གཙི་མེད་པ་སྟོན་ཀྱི་ཡོད་པ་རེད་ལ། ཀཱར་ནཱ་ཊ་ཀཱ་མངའ་སྡེའི་དར་ཆ་དེ་རང་བཞིན་གྱིས་རྒྱལ་ཁབ་ཀྱི་རྒྱལ་དར་ལས་དམའ་བ་ཡོད། འོན་ཀྱང་ད་ཆར་ས་ཁུལ་དེར་རྙོག་ཟིང་འབྱུང་བཞིན་ཡོད་པ་དེ་ལོ་རྗེས་མའི་འོས་བསྡུར་ཐུག་ཡོད་པ་རེད།ཅེས་བརྗོད་ཡོད་འདུག

འཛམ་གླིང་གིས་གནད་དོན་འདི་ལྟ་བུར་ག་རེ་བྱས་ཡོད་དམ།

འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བ་ཞིག་སྤྱི་མཐུན་གཞུང་གིས་གྲུབ་ཡོད་པ་དང་། ཁོ་ཚོ་མང་ཆེ་བས་ས་ཁུལ་གྱི་དར་ཆ་འཕྱར་ཆོག་པའི་ཐོབ་དབང་སྤྲད་ཡོད་པ་རེད།

བྷིང་ལོར་རྗན་(Jain)གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་སྲིད་དོན་དབྱེ་ཞིབ་པ་(Sandeep Shastri)ལགས་ཀྱིས་ “ཨ་རི་དང་འཇར་མན། ཨོ་སི་ཊོ་ལི་ཡ། འབར་མ་སོགས་རྒྱལ་ཁབ་དེ་དག་གི་ས་ཁུལ་རེ་རེ་ཡིས་དར་ཆ་མི་འདྲ་བ་རེ་འཕྱར་ཆོག་པ་དང་། དེ་ནི་ཁོ་ཚོས་ས་ཁུལ་རེ་རེ་ཡི་ངོས་འཛིན་མཚོན་བྱེད་རེད། ཅེས་བརྗོད་ཡོད།

ཁོང་གིས་ “ས་ཁུལ་གྱི་དར་ཆ་དགོས་པར་བརྗོད་པ་ནི་རྒྱལ་ཁབ་གྱི་རྒྱལ་དར་ངོས་ལེན་མ་བྱས་པའི་དོན་མིན་པར། དེ་ནི་ས་གནས་ཀྱི་ངོ་བོ་མཚོན་བྱེད་ཅིག་ཡིན་ནའང་ང་ཚོས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་གཅིག་པོར་དམིགས་གཏད་པ་ལས་གནད་དོན་གཞན་ལ་ངོས་འཛིན་བྱེད་ཐུབ་མ་སོང་།རྒྱ་གར་ལྟ་བུའི་རྒྱལ་ཁབ་ཅིག་ལ་མཚོན་ན་སྣ་ཚོགས་རང་བཞིན་དེ་མཐུན་སྒྲིལ་ཆགས་ཡོད་པ་རེད་ལ། མཐུན་སྒྲིལ་ཞེས་པ་དེ་སྣ་ཚོགས་རང་བཞིན་ཞིག་ལ་གཞི་མ་བཞག་པར་ཡོང་ཐབས་མེད་པ་ཞིག་རེད།ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༡༧/༠༧/༢༤

Leave a Reply