སྐྱེས་པ་ཞིག་གིས་རང་གི་ཨ་མའི་ཆེད་ལོ་ངོ་ ༢༠ རིང་བུད་མེད་དུ་བརྫུས།

རྒྱ་རིགས་སྐྱེས་པ་ཞིག་གིས་རང་གི་ཨ་མར་བདེ་སྐྱིད་བསྐྲུན་ཆེད་ལོ་ངོ་ཉི་ཤུའི་རིང་རང་ཉིད་བུད་མེད་དུ་བརྫུས་ཏེ། སྐྲ་ལོ་རིང་པོ་བཞག་ཅིང་བུད་མེད་ཀྱི་ལ་བ་གྱོན་ཏེ་ཨ་མའི་གམ་དུ་འདས་གྲོངས་སུ་ཕྱིན་པའི་རང་གི་སྲིང་མོའི་རྣམ་པ་བསྟན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་བེ་པཱོ་དྲ་ཚིགས་སྟེང་མིང་ཁ་གསལ་མེད་པ་དང་། ལོ་ན་ ༥༠ ནང་ཡིན་པའི་རྒྱ་ནག་ཀུང་ཤི་(Guangxi)ས་ཁུལ་གྱི་སྐྱེས་པ་ཞིག་གིས་རང་གི་ཨ་མའི་དགའ་བ་སྲུང་ཆེད་ སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཟིན་པའི་རང་གི་སྲིང་མོ་ཡིན་ཁུལ་བྱས་ཏེ། སྐྲ་རིང་པོ་བཞག་པ་དང་བུད་མེད་ཀྱི་ལ་བ་གྱོན་ཏེ་ལོ་ངོ་ ༢༠ རིང་བུད་མེད་དུ་བརྫུས་ཡོད་འདུག

དེ་ཡང་ལོ་ངོ་ ༢༠ ཡར་སྔོན་ཞིག་ལ་ཨ་མ་དེའི་བུ་མོ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཨ་མས་བུ་མོའི་ཆེད་དུ་སེམས་སྡུག་བྱས་ཏེ་སེམས་ཁམས་ཐང་པོ་མེད་པ་ཆགས་ཡོད་འདུག ཐེངས་ཤིག་ཨ་མ་དེས་ལྟ་ཕྱོགས་ཤིག་གིས་རང་གི་བུ་དེ་འདས་གྲོངས་སུ་ཕྱིན་པའི་བུ་མོ་ཡིན་པར་འཁྲུལ་ཏེ་དགའ་བོ་བྱུང་ཡོད་སྟབས། བུ་དེས་རང་གི་ཨ་མའི་དགའ་སྤྲོ་དེ་མུ་མཐུད་དུ་སྲུང་ཆེད། འདས་གྲོངས་སུ་ཕྱིན་པའི་སྲིང་མོའི་རྣམ་པ་ལྟར་སྐྲ་རིང་པོ་བཞག་པ་དང་། བུད་མེད་ཀྱི་ལ་བ་གྱོན་ཏེ་ལོ་ངོ་ ༢༠ ལྷག་བསྐྱལ་ཡོད་འདུག

སིལ་ཏོག་སྡོང་པོ་ཞེས་པའི་དྲ་གྲོགས་ཤིག་གིས། མིང་མི་གསལ་བའི་མི་དེའི་ལོ་རྒྱུས་བརྙན་བླངས་ཏེ་བེ་པཱོ་དྲ་ཚིགས་སྟེང་བཞག་ཡོད་སྟབས། ད་ལྟ་བརྙན་དེར་ལྟ་མཁན་ས་ཡ ༤་༢ བྱུང་ཡོད་པ་མ་ཟད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་མང་ཆེ་བས་གནས་ཚུལ་དེ་བསྒྲགས་ཡོད་འདུག

བརྙན་དེའི་ནང་། ཀུང་ཤི་གཱོ་ལིན་(Guilin)ས་ཁུལ་ནས་ཡིན་པའི་སྐྱེས་པ་དེས་རྒྱུན་པར་རྒྱ་ནག་གི་སྲོལ་རྒྱུན་ལྭ་བའི་རིགས་གྱོན་ཏེ་ལོ་ན་བགྲེས་བའི་རང་གི་ཨ་མར་གཉོར་སྐྱོང་བྱེད་ཀྱིན་ཡོད་པ་མ་ཟད། ཁོས་བརྙན་དེའི་ནང་ “ངའི་སྲིང་མོ་འདས་གྲོངས་སུ་ཕྱིན་པ་དེས་ང་རང་གི་ཨ་མའི་སེམས་ཁམས་ལ་རྨས་སྐྱོན་བཟོས་ཡོད་སྟབས། ཉིན་ཞིག་ངས་རང་གི་ལུས་ལ་བུད་མེད་ལ་ཞིག་གྱོན་ཏེ་ཨ་མའི་གམ་དུ་སོང་སྐབས། ཨ་མས་ཧ་ཅང་དགའ་སྣང་ཆེན་པོ་བྱས་ངའི་སྲིང་མོ་ཕྱིར་ལོག་སོང་ཟེར་གྱི་འདུག་སྟབས། དུས་དེ་ནས་བཟུང་ངས་བུད་མེད་ཀྱི་ལ་བ་གྱོན་ཏེ་ང་རང་གི་ཨ་མའི་དགའ་སྤྲོ་དེ་མུ་མཐུད་དུ་འཛིན་ཐབས་བྱས་པ་ཡིན། ད་ལྟ་ང་ལ་ཕོའི་གྱོན་ཆས་གཅིག་ཀྱང་མེད་” ཅེས་བརྗོད་ཡོད་པ་དང་། བརྙན་ཐུང་ནང་ཨ་མ་དེས་ཀྱང་རང་ཉིད་ཀྱི་བུ་ལ “མོ་རང་ངའི་བུ་མོ་ཡིན། དེ་སྔོན་ངའི་བུ་མོ་གཞན་ཞིག་འདས་གྲོངས་སུ་ཕྱིན་རྗེས་མོ་རང་ངའི་བུ་མོ་ཆགས་པ་རེད་” ཅེས་བརྗོད་ཡོད་པ་རེད།

བརྙན་ཕབ་མཁན་དེས་སྐྱེས་པ་དེར། ཁྱེད་རང་གིས་ནམ་རྒྱུན་བུད་མེད་ཀྱི་ལྭ་གྱོན་ན་མི་གཞན་གྱིས་ལྟ་སྟངས་ཁྱད་མཚར་འཛིན་པར་ཞེད་ཀྱི་མི་འདུག་གམ་ཞེས་དྲིས་པར་མི་དེས་ “ངས་རང་གི་ཨ་མའི་ཆེད་དུ་འདི་ལྟར་སྒྲུབ་ཀྱི་ཡོད་སྟབས། མི་གཞན་གྱིས་ལྟ་སྟངས་ག་རེ་བཟུང་ཡང་ང་ལ་ཁྱད་པར་མི་འདུག མ་གཞི་ནས་ངས་ག་རེ་བྱས་ཀྱང་མི་གཞན་གྱི་འཕྱ་སྨོད་བྱེད་པར་ཞེད་དགོས་དོན་འདུག་གམ།”ཞེས་བརྗོད་ཡོད།

བེ་པཱོ་དྲ་ཚིགས་སྟེང་མི་སྟོང་ཕྲག་མང་པོས་མི་དེའི་སྐོར་གླེང་སློང་བྱས་ཡོད་པའི་ཁྲོད། མི་ཞིག་གིས་ “ཁོས་རང་གི་ཨ་མར་བདེ་སྐྱིད་བསྐྲུན་ཐབས་སུ་ལོ་ངོ་ ༢༠ ལ་རང་ཉིད་བུད་མེད་དུ་བརྫུས་ཡོད་སྟབས། མི་གཞན་ལ་འདིའི་ཐད་ལྟ་སྟངས་ཇི་འདྲ་ཡོད་མེད་མི་ཤེས་ཀྱང་། ངས་བསམ་ན། ང་ཚོས་ཁོ་བོས་ཕ་མར་བརྩི་བཀུར་བྱེད་པའི་ཡ་རབས་སྤྱོད་བཟང་དེར་བསྔགས་བརྗོད་བྱེད་འོས་”ཞེས་བྲིས་ཡོད་པ་དང་། མི་གཞན་ཞིག་གིས་ “ཁོ་ནི་དངོས་གནས་སྐྱེས་པ་ཕོ་ཞིག་རེད་”ཅེས་བྲིས་ཡོད་འདུག ཡང་མི་གཞན་ཞིག་གིས་ “ཁོ་ལ་དངོས་གནས་བུ་མོ་ལྟ་བུའི་རྣམ་པ་མཛེས་པོ་འདུག་” ཅེས་འཁོད་ཡོད་ཀྱང་། མི་གཞན་ཞིག་གིས་ “འདི་ནི་ཕ་མར་བརྩི་བཀུར་བྱེད་སྟངས་ཤིག་རེད་དམ། ཡང་ན། ཁོས་རང་ཉིད་ལ་ཡོད་པའི་བུད་མེད་ཀྱི་གཤིས་ཀ་དེ་གཡོལ་ཐབས་བྱེད་ཀྱི་ཡོད་དམ་”ཞེས་དོགས་སློང་ཡང་བྱས་ཡོད་འདུག

སྤྱིར་རང་ཉིད་ཀྱི་ཕ་མ་དང་རྒན་རབས་པ། ཕ་མེས་ཚོར་བརྩི་བཀུར་བྱེད་པ་ནི་རྒྱ་ནག་གི་སྔ་མའི་སྤྱི་ཚོགས་དང་སྲོལ་རྒྱུན་རིག་གཞུང་གི་སྙིང་བཅུད་གལ་ཆེན་ཞིག་ཡིན་པ་མ་ཟད། དེང་སང་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་བརྗོད་གཞི་གཙོ་བོ་ཞིག་ཀྱང་ཆགས་ཡོད།

རང་ཉིད་ཀྱི་ཕ་མ་དང་རྒན་རབས་པ། ཕ་མེས་སོགས་ལ་བརྩི་བཀུར་བྱེད་པའི་ཡ་རབས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་སྤྱི་ལོའི་དུས་རབས་སྔོན་གྱི་ལོ་ངོ་ ༤༠༠ སྐབས་ཀྱི་ཁུང་ཙིའི་གཞུང་ལུགས་ནང་གི་བརྗོད་བྱ་གཙོ་བོ་ཞིག་ཡིན་པ་དང་། ཁུང་ཙིའི་ལྟ་གྲུབ་ལ་རྒྱ་ནག་གིས་བརྩི་བཀུར་ཆེན་པོ་བྱེད་པ་རེད། རྒྱ་ནག་གི་ཧན་རྒྱལ་པོའི་རིང་ལུགས་(206 BC, AD 220)སྐབས་སུ་དམག་དཔོན་བསྐོ་བཞག་བྱེད་སྐབས་ཀྱང་། རང་གི་ཕ་མ་དང་རྒན་རབས་པ། དེ་བཞིན། ཕ་མེས་ཚོར་བརྩི་བཀུར་བྱེད་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་རྩི་བ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༢༤

Leave a Reply