རང་ལུས་མེར་བསྲེགས་གནང་རྒྱུ་ལས་སློབ་སྦྱོང་ལ་ཤུགས་བསྐྱོན་རོགས་གནང་།

བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་མ་གཉིས་ནས་བོད་རིགས་གཞོན་སྐྱེས་ཚོས་བོད་དོན་ཆེད་རང་ལུས་མེར་བསྲེག་མི་གཏོང་བར་སློབ་སྦྱོང་ཡག་པོ་བྱས་ཏེ་རྩ་དོན་རྩོད་རོགས་ཞེས་འབོད་སྐུལ་གནང་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ པ་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དྷ་རམ་ས་ལར་གདན་འདྲེན་ཞུས་སོང་བ་དང་། བཞུགས་སྒར་དུ་འབྱོར་སྐབས་ས་གནས་བོད་རིགས་སེར་སྐྱ་མི་མང་གི་གདུང་སེམས་མཉམ་སྐྱེད་ཀྱི་ཕེབས་བསུའི་ཁྲོད་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྐུ་ཕུང་བཞག་སྟེ། གྲྭ་བཙུན་རྣམས་ཀྱིས་བསྔོ་སྨོན་གསུང་འདོན་དང་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག

བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་པ་ལགས་ངག་དབང་མཁས་གྲུབ་ལགས་དང་ཨ་མ་བཀྲ་ཤིས་གཡང་འཛོམས་ལགས།  དེ་བཞིན་གཅེན་མོ་སོགས་སྤུན་མཆེད་ཉེ་འབྲེལ་ཁག་ཅིག་ཕེབས་འདུག་ལ། ཨ་མ་བཀྲ་ཤིས་གཡང་འཛོམས་ལགས་ཀྱིས་གསར་འགོད་པར། ད་ལོའི་དབྱར་ཁའི་གུང་གསེང་སྐབས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། ཨ་མ་ལགས། བོད་དོན་ཆེད་ངས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་བ་ཡིན་ན། ཨ་མ་ལགས་ཀྱིས་ག་རེ་དགོངས་ས་རེད་ཅེས་སྐད་ཆ་དྲིས་བྱུང་། སྐབས་དེར་ངས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་ལས་འགུལ་ཤུགས་ཆེན་པོ་སྤེལ་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ལབ་ཡིན། ཡིན་ནའང་། སྐུ་ལུས་མེར་བསྲེག་གནང་རྒྱུ་ཡིན་པ་སེམས་ལའང་དྲན་མ་སོང་། ཟླ་བ་གཉིས་གུང་གསེང་རྫོགས་ཏེ་ཕྱིར་སློབ་གྲྭར་ལོག་སྐབས། ཁོ་རང་གི་གྲོགས་པོ་མཉམ་དུ་སྦེལ་ཀོབ་ཀྱི་དགོན་པ་ཁག་ཏུ་མཆོད་མཇལ་དུ་ཕྱིན་ཏེ། ཕྱི་ཚེས་ ༧ ཉིན་ཁ་པར་ཡོང་ནས་ཨ་མ་ལགས་སེམས་ཁྲལ་མ་གནང་རོགས། ང་སློབ་གྲྭར་ལོག་འགྲོ་ཡི་ཡོད་ལབ་བྱུང་ཞེས་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གློ་བུར་ཁ་པར་ཡོང་སྟེ་ཆོས་དབྱིངས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་ཟིན་སྐོར་བརྗོད་པ་ཨ་མ་ལགས་ཀྱིས། གློ་བུར་དུ་ཁ་པར་ཡོང་སྟེ་སྐུ་ལུས་མེར་བསྲེགས་གནང་འདུག་ལབ་སོང་། ང་རང་བསམ་རྒྱུ་དྲན་རྒྱུ་མེད་པར་གྱུར་སོང་། ལམ་སང་གནམ་གྲུའི་འཛིན་བྱང་ཉོས་ཏེ་བྷང་ལོར་བརྒྱུད་ཝར་ཎ་མཐོ་སློབ་ཏུ་འབྱོར་སྐབས། ཁོ་སྨན་ཁང་ནང་དུ་བསྐྱལ་འདུག་ལ། གཟུགས་པོ་ཚང་མ་ཚིག་ཚར་འདུག ཁོང་གིས་ང་ལ་ཨ་མ་ལགས། སེམས་ཁྲལ་མ་གནང་། ངས་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡིན། ང་ན་ཡི་མི་འདུག་ཅེས་བརྗོད་བྱུང་། ང་རང་བློ་ཕམ་བྱུང་སོང་ཡང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཁོ་རང་གིས་སྐུ་ལུས་མེར་བསྲེགས་གནང་བར་ང་རང་ལ་སྤོབས་པའང་སྐྱེད་བྱུང་། སྐྱེ་བ་རྗེས་མར་ཁོ་རང་ལ་མི་ལུས་བཟང་པོ་ཞིག་འཐོབ་པའི་སྨོན་ལམ་རྒྱག་གི་ཡོད། ཅེས་བརྗོད་སོང་།

པ་ལགས་ངག་དབང་མཁས་གྲུབ་ལགས་ཀྱིས། མི་ལུས་རིན་ཆེན་ཐོབ་ཅིང་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་ཤིག་གིས་རང་སྲོག་དོར་བ་དེར་ང་རང་སྒེར་དང་ཕ་མ་ཞིག་ལ་མཚོན་ན་ཕངས་པོ་ཞེ་དྲགས་འདུག ཡིན་ནའང་། རྒྱ་ཆེ་ས་ཞིག་ནས་བལྟས་ན་བོད་མི་ས་ཡ་དྲུག་གི་ནང་ནས་ཕྱི་ལོ་ ༡༩༤༠ ཞེ་གྲངས་ནས་ད་ལྟའི་བར་དུ་རང་ལུས་མེར་བསྲེགས་ག་ཚོད་ཅིག་བཏང་ཡོད་པ་དང་། ཆབ་སྲིད་བཙོན་པ་ག་ཚོད་ཡོད་པ་རེད། ཉེས་མེད་བསད་པ་དང་བཙོན་ཁང་དུ་ག་ཚོད་སོང་ཡོད་པ་རེད། ག་ཚོད་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཁོང་ཚོ་ཚང་མས་བོད་སྤྱི་པའི་རྩ་དོན་དང་རིག་གཞུང་། མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་ལ་བརྟེན་ནས་རང་ལུས་མེར་བསྲེགས་བཏང་བ་རེད་མ་གཏོགས་ཁོང་ཚོར་བཟའ་བཏུང་མེད་པ་དང་། ཕ་མ་སྤུན་མཆེད་དང་མ་འགྲིག་པ་དེ་འདྲ་རྩ་བ་ནས་མ་རེད། ང་རང་གིས་རྒྱུ་མཚན་དེ་འདྲ་ལ་བསམ་བློ་རྒྱ་ཆེ་ས་ནས་གཏོང་སྐབས། ཁོ་རང་གིས་མི་ལུས་རིན་པོ་ཆེ་བླངས་པ་དེར་གོ་ཞིག་ཆོད་འདུག་གཱ་བསམ་གྱི་འདུག ཅེས་དང་། གུང་གསེང་ནས་ཕྱིར་སློབ་གྲྭར་ལོག་སྐབས་ཕ་མ་གཉིས་ལ་རྗེས་མ་ནས་ནང་ལ་གུང་གསེང་དུ་བསླེབ་མི་ཐུབ་སྐོར་ཡང་ལབ་ཡོད་ལུགས་དང་། ཕ་མ་གཉིས་ཀྱིས་རྒྱུན་དུ་བོད་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་ཧུར་ཐག་དགོས་པའི་སྐུལ་མ་གནང་བ་ལྟར། ཁོང་ཝར་ཎ་མཐོ་སློབ་ཏུ་ཞུགས་རྗེས་བོད་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་གྱི་ཚོར་བ་ཤུགས་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་ཝར་ཎ་མཐོ་སློབ་ཏུ་ཡོད་པའི་བོད་ནས་ཡོང་མཁན་ཚོས་དཀའ་སྡུག་མྱངས་བ་རྣམས་བཤད་སྐབས་ཁོའི་མིག་ནས་མཆུ་མའང་ཐོན་ཡོང་བ་སོགས་ལབ་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་པ་ལགས་ཀྱིས་གཞོན་སྐྱེས་ཚོར་འབོད་སྐུལ་གནང་དོན། བོད་སྤྱི་པའི་རྩ་དོན་ང་ཚོ་སང་ཉིན་ཤི་ཡི་ཡོད་ནའང་དེ་རིང་རྩོད་དགོས་པ་རེད་དེ། མ་འོངས་པར་གཞོན་སྐྱེས་ཚོས་རྩ་དོན་རྩོད་དགོས་པ་ཞིག་ལ་རང་ལུས་མེར་བསྲེགས་མ་གཏང་རོགས་ཞུ། སློབ་སྦྱོང་བྱས་ཏེ་འཛམ་བུ་གླིང་གི་མཐོང་རྒྱ་ཆེན་པོ་བྱས་ནས་བོད་མི་རིགས་ཀྱི་རྩོ་དོན་རྩོད་དགོས་ཀྱི་འདུག ང་ཚོ་བོད་མི་ས་ཡ་དྲུག་ལས་མེད་པ་དང་། ད་ལྟའི་བར་དུ་བོད་མི་ ༡༥༠ ཡིས་རང་ལུས་མེར་བསྲེགས་བཏང་བ་དེ་དཔེ་མི་སྲིད་པའི་གྱོང་གུད་ཆེན་པོ་རེད་དྲན་གྱི་འདུག བོད་མི་རེ་རེ་ཡིན་ནའང་ཉུང་དུ་སོང་ན་ང་ཚོར་ཕངས་པོ་རེད། སློབ་སྦྱོང་མེད་ན་ང་ཚོས་རྩ་དོན་རྩོད་ཐུབ་ཀྱི་མེད་པས་སློབ་སྦྱོང་ཧུར་ཐག་གནང་རོགས་ཞེས་གཞོན་སྐྱེས་ཚོ་ལ་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།

སང་ཉིན་ཞོགས་པ་ཆུ་ཚོད་ ༧པ་ཐོག་ལྷ་རྒྱལ་རིར་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོ་འཚོགས་རྒྱུ་དང་། དེ་ནས་ཆུ་ཚོད་ ༨།༣༠ ཐོག་སྐུ་ཕུང་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་གདན་འདྲེན་ཞུས་ཏེ་ཞུགས་འབུལ་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༥

Leave a Reply

One thought on “རང་ལུས་མེར་བསྲེགས་གནང་རྒྱུ་ལས་སློབ་སྦྱོང་ལ་ཤུགས་བསྐྱོན་རོགས་གནང་།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    འདས་པོའི་པ་ལགས་ཀྱི་གསུངས་དོན་ལ་་་ གུས་པའི་རྙིང་ཐག་པ་ནས་རྒྱབ་སྐྱོར་དང་བཀྲ་ཤིས་སྨོན་འདུན་བཞུ་རྒྱུ་དང་། ཚེ་འདས་སློབ་བུ་བསྟན་འཛིན་ཆོས་དབྱིངས་ལགས་སུ་མྱ་ངན་དང་སྨོན་ལམ། གཞོན་སྐྱེད་ཚོ་སློབ་སྦྱོང་གལ་ཆེ་ཡི་རེད་དོ། གང་ལ་ཟེར་ན། གཞི་དུ་ལུས་པས་བོད་རིགས་སྤུན་ཟླ་ཚོའི་་་ ང་ཚོའི་ཕྱོགས་ལ་གཏམ་བཟང་སྒུག་ནི་བསྡད་ཡོད་རེད་དོ། དེ་ལས་་་ ལམ་གཅིག དབུས་མའི་ལམ། རྒྱུད་གཅིག ༧རྒྱལ་བའི་ཐུགས་དགོངས་་་ ཤེས་ཡོན། ཆིག་སྒྲིལ། བཀྲ་ཤིས་བདེ་ལེགས། དབུ་མའི་ལམ་རྒྱལ་ལོ།།