དཔེ་ཀློག་གི་གོམས་གཤིས་ཀྱིས་ཁྱོད་རང་ལེགས་འགྲུབ་ཆེན་པོ་འབྱུང་ངེས།

འཛམ་གླིང་གི་ཕྱུག་བདག་མང་པོ་ཞིག་ལ་འདྲ་མཚུངས་ཀྱི་གཤིས་ཀ་ཞིག་ཡོད། དེ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་མིན་ལ་ལེགས་འགྲུབ་ཀྱི་བཞུད་ལམ་ཞིག་ཀྱང་མིན། འོན་ཀྱང་། ཁོ་ཚོ་མང་ཆེ་བ་དཔེ་ཀློག་བྱེད་རྒྱུར་ཧ་ཅང་དགའ་བ་དང་། དཔེ་དེབ་ནི་ཁོ་ཚོའི་ཁེ་ཕན་ཆེས་ཆེ་བའི་མ་རྐང་དེ་ཡིན་འདུག

ཨ་སྒོར་ ༢ ནས་ཨ་སྒོར་ཐེར་འབུམ་ ༢༠ འགྱུར་ཚུལ།

ཨ་རིའི་ལོ་ཆུང་ན་གཞོན་གཉིས་ཀྱིས་མངའ་སྡེ་ནེ་བྷི་ར་སི་ཀཱའི་(Nebraska)གྲོང་ཁྱེར་ཨོམཱ་ཧཱ་(Omaha)ནང་སྐམ་ཟས་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་། སྐབས་དེ་ནི་ཕྱི་ལོ་ ༡༩༢༩ ལོར་བྱང་ཨ་རི་གཙོ་བྱས་པའི་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ཏེ། མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྟབས། ན་གཞོན་དེ་གཉིས་ལས་ཆེ་བ་དེ་ནི་མི་ཚང་དབུལ་པོ་ཞིག་གི་བུ་ཡིན་པ་དང་། ཁོས་ནམ་རྒྱུན་རང་ཁྱིམ་དུ་ཕྱི་བ་(Hamster)གསོས་ཤིང་དེ་དག་མི་གཞན་ལ་རིན་གོང་ཁེ་པོས་འཚོང་གི་ཡོད། ཁོ་གཉིས་ཀྱི་ལོ་ཆུང་བ་དེ་ནི་སྐམ་ཟས་ཚོང་ཁང་དེའི་སྤྱིན་བདག་གི་ཚ་བོ་ཡིན་པ་དང་། ཁོས་ཀྱང་གྲོང་ཁྱེར་དེའི་མི་ཚང་དག་གི་སྒོ་འགྲམ་བརྒྱུད་དེ་འགྱིག་བྱི་རིལ་དང་ཀོ་ཁུ་ཀོ་ལའི་འཐུང་ཆུ་བཙོང་བ་སོགས་ཀྱི་ཚོང་ཙིག་ཙག་གཉེར་ཏེ་མཐོ་སློབ་འདོན་རྒྱུ་ཡང་ཕྱི་འགྱང་ཆགས།

སྐབས་དེར་བྱིས་པ་དེ་གཉིས་ཀྱིས་ཉིན་རེར་ཨ་སྒོར་ ༢ རེ་ཡི་ཡོང་འབབ་གསོག་གི་ཡོད་པ་དང་།ལོ་རབས་ཁ་ཤས་རྗེས་སུ་ཁོ་གཉིས་ཀྱི་ཚོང་ལས་ཡོང་འབབ་ཕྱོགས་སྡོམ་བྱས་ན། ལོ་གཅིག་རིང་ཨ་སྒོར་ཐེར་འབུམ་ ༢༠ ཡོང་གི་ཡོད་ཅེས་ཨོམཱ་ཧཱ་གྲོང་ཁྱེར་ནང་གི་བྷིར་ཁི་ཤཱི་རི་(Berkishire Hathaway)བཟོ་གྲྭས་བརྗོད་ཡོད། དོན་དངོས་ཐོག་བྱིས་པ་དེ་སུ་དང་སུ་ཡིན་ནམ་ཞེས་ན་ཁོ་གཉིས་ནི་ཕྱུག་བདག་ཆཱ་ལིས་མཱོན་གྷལ་(Charlie Munger)དང་ཝ་རན་བྷའོ་ཧྥི་ཊི་(Warren Buffett)གཉིས་རེད། ཁྱོད་ཀྱིས་ཁོ་གཉིས་ཇི་ལྟར་ཨ་རིའི་ཁེ་ལས་པ་ལེགས་འགྲུབ་ཆེ་ཤོས་ཆགས་པ་ཤེས་འདོད་ཡོད་དམ།

བྷའོ་ཧྥི་ཊི་ལགས་ཀྱིས་རང་གི་ཉིན་གཅིག་གི་དུས་ཚོད་ལས་བརྒྱ་ཆ་ ༨༠ དཔེ་ཀློག་ཐོག་གཏོང་གི་ཡོད།

ཕྱི་ལོ་ ༢༠༠༧ ལོར་སྐུ་ཞབས་མཱོན་གྷར་ལགས་ཀྱིས་སྐབས་དེར་ཁྲིམས་ལུགས་སྤྱོང་བཞིན་པའི་སློབ་མ་སྐོར་ཞིག་ལ་རང་ཉིད་ཇི་ལྟར་ཕྱུག་བདག་ཆགས་པའི་གསང་བ་ཕྱིར་བཏོན་ཡོད། དེ་ནི་སྐབས་དེར་སྐུ་ཞབས་མཱོན་གྷར་ལགས་ཀྱིས། “མི་མང་པོ་ཞིག་ཆེས་སྤྱང་གྲུང་ལྡན་པ་དང་ཆེས་བརྩོན་འགྲུས་ཅན་སོགས་མིན་ཡང་། ངས་མི་ཚེ་ནང་ཁོ་ཚོས་རང་གི་རྐང་པའི་ཐོག་ལངས་ཏེ་མདུན་སྐྱོད་ཆེན་པོ་བྱས་བ་མཐོང་མྱོང་སྟབས། ངས་ནི་ཁོ་ཚོ་དཔེ་ཀློག་བྱེད་པའི་འཕྲུལ་ཆས་ཤིག་དང་མཚུངས་བར་མཐོང་བྱུང་། རྒྱུ་མཚན་ནི། ཁོ་ཚོས་དུས་རྒྱུན་དུ་གཉིད་མ་ཁུག་སྔོན་ལ་ཉལ་སའི་ནང་དཔེ་ཀློག་བྱེད་བཞིན་ཡོད་པ་དང་། དམིགས་བསལ་གྱིས་ང་ཚོའི་མདུན་དུ་སང་ཉིན་ཟེར་བ་ཅིག་དང་མདུན་སྐྱོད་ཀྱི་ལམ་ཁ་རིང་པོ་ཞིག་ཡོད་སྟབས། དཔེ་ཀློག་གིས་ང་ཚོ་མདུན་སྐྱོད་ཀྱི་ལམ་ཁ་དེར་ཁྲིད་ངེས་ཡིན་ཞེས།” ཞེས་སོགས་བརྗོད་ཡོད།

སྐུ་ཞབས་བྷའོ་ཧྥི་ཊི་ལགས་སུ་མཚོན་ན། ཁོས་ཐོག་མར་རང་ཉིད་ལ་མ་འཛུགས་ཀྱི་མདུན་ལམ་འཚོལ་སྐབས། ཁོས་ཉིན་གཅིག་གི་ནང་ཤོག་དངོས་ ༦༠༠ ནས་ ༡༠༠༠ བར་གྱི་དཔེ་ཀློག་བྱེད་བཞིན་ཡོད་པ་དང་། ད་ལྟ་ད་དུང་སྐུ་ཞབས་ཁོང་གིས་རང་གི་ཉིན་གཅིག་གི་དུས་ཚོད་ཀྱི་བརྒྱ་ཆ་ ༨༠ དཔེ་ཀློག་ཐོག་གཏོང་གི་ཡོད་པ་རེད། སྐུ་ཞབས་བྷའོ་ཧྥི་ཊི་ལགས་ཀྱིས་ང་ཚོར་བརྗོད་པའི་མན་ངག་ནི། ད་ལྟ་ཁྱེད་རང་གི་མི་ཚེ་གནས་བབ་ཇི་འདྲ་ཞིག་ཡིན་རུང་། ཁྱེད་ཀྱིས་འབད་བརྩོན་བྱས་ཏེ་དཔེ་ཀློག་བྱས་ན། ནམ་ཞིག་ཁྱེད་རང་ལམ་འགྲོ་རྒྱུགས་རྒྱུ་གཏན་ཁེལ་ཡིན་ཞེས་བརྗོད་ཡོད།
ཐེར་འབུམ་ཅན་གྱི་དཔེ་ཚོགས།

སྐུ་ཞབས་བྷའོ་ཧྥི་ཊི་དང་མཱོན་གྷར་གཉིས་ནི་དཔེ་ཀློག་བྱས་ཏེ་ལམ་འགྲོ་རྒྱུགས་མཁན་ཁོ་ན་དེ་མ་རེད། འཕྲུལ་ཆས་ཁེ་ལས་པ་སྐུ་ཞབས་ཨིས་ལཱོན་མཱོ་སི་ཁི་(Elon Musk)ལགས་ཀྱིས་དཔེ་ཀློག་བྱས་ཏེ་མེ་ཤུགས་འཕུར་མདའ་ཇི་ལྟར་བཟོ་དགོས་ཚུལ་བསླབས་ཡོད། སྐུ་ཞབས་མཱོ་སི་ཁི་ནི་ཨ་ཧྥི་རི་ཁའི་བྱིས་པ་ཞིག་ཡིན་པ་དང་། ཁོ་རང་ངོ་མཚར་ཅན་གྱི་དངོས་སྒྲུང་དང་ཚན་རིག་གི་དཔེ་དེབ་ཀློག་རྒྱུར་དགའ་པོ་ཡོད་སྟབས། ད་ལྟ་ཁོ་རང་འཛམ་གླིང་གི་ཕྱུག་བདག་རྩེ་ཕུད་དང་མི་སྣ་སྐད་གྲགས་ཅན་ཞིག་ཆགས་ཡོད།

བྷིལ་གྷེ་ཊི་(Bill Gate)ནི་འཛམ་གླིང་གི་མི་ཕྱུག་ཤོས་དེ་ཡིན་པ་དང་། ཁོ་ནི་མི་ཚེ་གང་དཔེ་ཆ་ཀློག་རྒྱུར་དགའ་བའི་མི་ཞིག་ཡིན་པ་མ་ཟད། ཁོས་ལོ་གཅིག་གི་རིང་དཔེ་ཆ་ ༥༠ མ་ཟིན་ཙམ་ཀློག་གི་ཡོད་འདུག འོན་ཀྱང་། བྷིལ་གྷེ་ཊི་ལགས་ཀྱིས་དངོས་སྒྲུང་མ་གཏོགས་རྟོགས་སྒྲུང་ཀློག་གི་མེད། སྤྱིར་བྷིལ་གྷེ་ཊི་འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཏེ་རྩལ་སྣ་ཚོགས་འཛོམས་པའི་མི་འདྲ་མིན་ལ་ཐུག་འཕྲད་བྱེད་ཀྱི་ཡོད་ཀྱང་། ཁོས་ད་དུང་དཔེ་དེབ་ཀློག་སྟེ་ཤེས་བྱ་འཚོལ་བ་གལ་གནད་དུ་བརྩི་བཞིན་ཡོད་པ་དང་། དཔེ་ཀློག་ནི་ཁོ་རང་གི་འཚོ་བའི་ཆ་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱིན་ཡོད་འདུག

དེ་བཞིན། སྤྱི་ཚོགས་བརྒྱུད་ལམ་ཁྱབ་ཆེ་ཤོས་ངོ་དེབ་གསར་གཏོད་བྱེད་མཁན་མཱར་ཁི་རྫཱ་ཁར་བྷག་(Mark Zuckerberg)ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་མི་མང་ལ་རེ་སྐུལ་ཞུས་ཏེ། ཁོ་དང་ལྷན་དུ་བདུན་ཕྲག་གཅིག་གི་ནང་དཔེ་ཆ་རེ་ཀློག་པའི་རེ་འདུན་བཏོན་ཡོད་སྟབས། ད་ལྟ་ཁྱེད་རང་ལ་དཔེ་ཀློག་གི་ཕུགས་འདུན་ཡོད་དམ།

སྤྱིར་དཔེ་དེབ་ཀློག་རྒྱུ་ནི་རིན་ཐང་བྲལ་བ་ཅིག་ཡིན་ཡང་། མི་མང་པོ་ཞིག་གིས་དཔེ་ཀློག་བྱེད་རྒྱུ་ནི་ཞོར་ལས་ཙམ་ལ་མ་གཏོགས་ངོས་འཛིན་བྱེད་ཀྱི་མེད་པ་དང་། ཁོ་ཚོས་དེང་སྐབས་རང་ཉིད་ཆེས་དགའ་བའི་བརྙན་འཕྲིན་ལྟད་མོར་བལྟ་རྒྱུ་ཡོད་ན། ཅིའི་ཕྱིར་རང་ཉིད་ཀྱི་ཉིན་གཅིག་གི་མཐའ་མཇུག་དེ་དཔེ་ཀློག་བྱས་ཏེ་མཇུག་བསྡུ་དགོས་པ་རེད་ཅེས་སེམས་ནང་དྲན་གྱི་ཡོད་པ་དང་། ཡང་ན། རང་གི་གྲོགས་པོ་ཉེ་བོ་འགའ་དང་འཛོམ་རྒྱུའི་ཁ་ཆད་བྱེད་པ་སོགས་ནི་རིན་ཐང་དུ་མཐོང་གི་ཡོད། གལ་སྲིད་ཁྱེད་རང་ལ་དཔེ་ཀློག་གི་ཁེ་ཕན་ཚང་མ་འཐོབ་ཐུབ་པ་མ་ཟད། ཁྱེད་ཀྱི་དགའ་ཕྱོགས་གཞན་དག་བློས་གཏོང་བྱེད་མི་དགོས་པར་དཔེ་ཀློག་བྱེད་པའི་ཐབས་ལམ་ཞིག་ཡོད་ཚེ་ཁྱེད་ཀྱིས་དཔེ་ཀློག་བྱེད་ངེས་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༢༥

Leave a Reply

3 thoughts on “དཔེ་ཀློག་གི་གོམས་གཤིས་ཀྱིས་ཁྱོད་རང་ལེགས་འགྲུབ་ཆེན་པོ་འབྱུང་ངེས།

  1. ཉིན་གཅིག་གི་བརྒྱ་ཆ་བརྒྱད་ཅུར་དཔེ་ཀློག་བྱེད་པར་གོམས་སྲོལ་ཡོད་མཁན་བོད་མིའི་ནང་ན་ཤིན་ཏུ་མང་ཞིང་། སྔོན་གྱི་སྐྱེས་ཆེན་རབ་ཏུ་མོད་པོ་ཞིག་ཟ་མ་བཞེས་ཁོམ་ཡོད་མེད་བྱེད་པའི་དུས་སྐབས་ཀྱང་ཡོད་ན། ཡོད་ཚད་ཕྱི་གླིང་བའི་ནང་ནས་དྲངས་པར་དགོས་པ་ཆེར་མ་མཐོང་། མཚམས་མཚམས་སུ་སྐྱེས་ཆེན་དེ་དག་གི་རྣམ་ཐར་རེ་ཟུང་ཡང་དགོད་ཐུབ་ན་ཧ་ཅང་ལེགས་པར་སེམས།

  2. དཔེ་ཀློག་སྐོར་གྱི་བསྒྱུར་རྩོམ་འདི་རིན་ཐང་ཅན་ཞིག་མཐོང་སོང་བཀྲིན་ཆེ་བོད་ཀྱི་སྤྱི་ཚོགས་ནང་འདི་འདྲ་གོམ་པ་ཡིན་ན་ཧ་ཀྱང་ཡག་པོ་རེད།