ཕྲུ་གུ་དབུལ་པོ་དང་དྭ་ཕྲུག་ཚོར་དྲག་རྩལ་སྦྱོང་བརྡར་སྤྲོད་ཀྱིན་འདུག

རྒྱ་ནག་གི་དྲག་པོའི་ཁུ་ཚུར་ཚོགས་པ་ཞིག་གིས་ཕྲུ་གུ་མང་པོ་བསྡུ་ཉར་བྱས་ཏེ་དྲག་རྩལ་སྦྱོང་བརྡར་སྤྲོད་ཀྱིན་པའི་བརྙན་ཐུང་ཞིག་དྲ་ལམ་ཁག་ཏུ་ཁྱབ་པར་སྤྱི་ཚོགས་ནང་ལེགས་ཉེས་ཀྱི་གླེང་སློང་འདྲ་མིན་འབྱུང་བཞིན་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐད་གཏོང་བརྙན་རིས་ཤིག་ཁྱབ་ཡོད་པའི་ནང་། རྒྱ་ནག་གི་དྲག་པོའི་ཁུ་ཚུར་ཚོགས་པ་(MMA)ཞེས་པའི་གོ་སྒྲིག་འོག རང་ལོ་ ༡༤ སོན་པའི་བྱིས་པ་གཉིས་ཀྱིས་ལྕགས་དྲྭས་སྐོར་བའི་འཐབ་ར་ཞིག་གི་ནང་དུ་འཁྲུག་པ་རྒྱག་གི་ཡོད་སྟབས། གནས་ཚུལ་དེར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱེད་མགོ་བཙུགས་འདུག

བརྙན་ཐུང་དེའི་ནང་གི་ཕྲུ་གུ་གཅིག་གི་མིང་ལ་ཞའེ་ལཱོང་ (Xiao Long)དང་། གཞན་དེའི་མིང་ལ་ཞའེ་ཝུ་(Xiao Wu)ཟེར་བ་དང་། ཁོ་གཉིས་དྲག་པོའི་ཁུ་ཚུར་ཚོགས་པ་དེས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གཡས་གཡོན་ནས་བསྡུ་སྐོང་བྱས་པའི་ཕྲུ་གུ་ ༤༠༠ ལྷག་གི་ཁྲོད་ནས་ཡིན་པ་དང་། དྲག་པོའི་ཁུ་ཚུར་ཚོགས་པ་དེས་ལོ་ངོ་ ༡༦ ཙམ་གྱི་གོང་ནས་ཕྲུ་གུ་རྣམས་ལ་དྲག་རྩལ་སྦྱོང་བརྡར་སྤྲོད་མགོ་བརྩམས་ཡོད་འདུག

རྒྱ་ནག་ལྷོ་ནུབ་སྐོར་སྲུང་ཉེན་རྟོག་ཁང་གིས། དྲག་པོའི་ཁུ་ཚུར་ཚོགས་པ་དེས་ཁྲིམས་འགལ་གྱིས་ཕྲུ་གུ་དབུལ་པོ་དང་དྭ་ཕྲུག་བརྒྱ་ཕྲག་ཁ་ཤས་བསྡུ་སྐོང་བྱས་ཏེ་དྲག་རྩལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རེ་པེན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། དྲག་པོའི་ཁུ་ཚུར་ཚོགས་པ་དེའི་ལྟ་རྟོག་པ་ཙཱའུ་ཀོང་ཀའུ་(Zhu Guanghui)ཟེར་བ། ཉེན་རྟོག་ཕྱོགས་ནས་གནད་དོན་དེའི་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ཤེས་ཡོད་དང་། ཁོ་ཚོའི་ཚོགས་པའི་ངོས་ནས་ཉེན་རྟོག་ཁང་གི་རྟོག་ཞིབ་ལས་དོན་ལ་མཉམ་འབྲེལ་དང་རོགས་རམ་གང་ཐུབ་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞོན་སྐྱེས་གཙུག་ལག་སློབ་ཁང་(The China Youth University)གི་ཆབ་སྲིད་རིག་པའི་སྡེ་ཚན་གི་དགེ་རྒན་ཐཱང་ཞོ་ཅཱང་(Tong Xiaojun)ལགས་ཀྱིས། གལ་ཏེ་ཚོགས་པ་ཞིག་གིས་ཕྲུ་གུ་བདག་ཉར་བྱེད་ཚེ་ངེས་པར་དུ་གཞུང་གི་མཆོག་མཆན་ཡི་གེ་དགོས་ཀྱི་ཡོད་པ་དང་། དེ་མིན་ཡི་གེ་མེད་པར་ཕྲུ་གུར་བདག་ཉར་དང་བེད་སྤྱོད་གཏོང་བ་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

དྲག་པོའི་ཁུ་ཚུར་ཚོགས་པ་དེ་གསར་འཛུགས་བྱེད་མཁན་ནི་དེ་སྔོན་རྒྱ་ནག་སྐོར་སྲུང་བའི་མགོ་བ་ཞིག་ཡིན་པ་དང་། ཁོས་བརྙན་ཐུང་བརྒྱུད་དེ་དྲག་རྩལ་ཚོགས་པ་དེ་ ༢༠༠༡ ལོར་གསར་འཛུགས་བྱས་པ་དང་། བདག་མེད་ཕྲུ་གུ་རྣམས་གཞན་གྱི་བརྙས་བཅོས་མི་བྱེད་པའི་ཆེད་དུ་ཚོགས་པར་འཛུལ་དགོས་པའི་སེམས་ཤུགས་སྤར་གྱི་ཡོད་ཚུལ་བརྗོད་འདུག ཁོས་བརྗོད་དོན། “ཕྲུ་གུ་ཁ་ཤས་དྭ་ཕྲུག་རེད། ཁ་ཤས་ལ་ཕ་མ་ཡོད་ཀྱང་འཚོ་བའི་གནས་སྟངས་སྐྱོ་དྲགས་ཏེ་ཕྲུ་གུར་སློབ་སྦྱོང་སྤྲོད་ཐུབ་ཀྱི་མེད།” ཅེས་བརྗོད་འདུག ད་དུང་ཁོས་ཁོང་ཚོའི་ཚོགས་པ་ནས་སློབ་སྦྱོང་ཐོན་མཁན་ཁ་ཤས་ཀྱི་སྤྱི་ཚོགས་བདེ་སྲུང་གི་ལས་ཀ་བྱེད་བཞིན་ཡོད་པ་དང་། རེ་ཟུང་རྒྱལ་ཡོངས་དྲག་རྩལ་འགྲན་བསྡུར་ཁྲོད་མཉམ་ཞུགས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་སྐོར་སོགས་བརྗོད་འདུག

བརྙན་ཐུང་དེའི་ནང་དྲག་པོའི་ཁུ་ཚུར་ཚོགས་པའི་སྦྱོང་བརྡར་སྤྲོད་མཁན་ཏོང་ཙོ་(Dong Zhou)ཟེར་བས། ཚོགས་པར་འཛུལ་ཞུགས་བྱེད་མཁན་ཕྲུ་གུ་ཁ་ཤས་ཀྱི་དྲག་རྩལ་སྦྱོང་བརྡར་ནི་ཧ་ཅང་ཡག་པོ་འདུག ཁོང་ཚོ་ཚོགས་པ་ནས་ཕྱིར་འཐོན་འདོད་འདུག་ཅེས་བརྗོད་ཡོད་པ་དང་། ཁོ་ཚོར་རང་ཁྱིམ་དུ་ལོག་ནས་ག་རེ་བྱེད་འཆར་ཡོད་པ་དྲིས་སྐབས། ཁོང་ཚོས་ཕག་པ་དང་བྱ་སོགས་གསོ་སྐྱོང་བྱ་རྒྱུ་དང་། ཡང་ན། ཁྲོམ་གཞུང་དུ་ཟས་གོས་སློང་མོ་བྱེད་ཀྱི་ཡིན་ལུགས་སོགས་བརྗོད་ཡོད་འདུག

ཞའེ་ཝུ་ཡིས་བརྙན་ཐུང་དེའི་ནང་དྲག་པོའི་ཁུ་ཚུར་ཚོགས་པར་བསྡད་དེ་རང་ཁྱིམ་དུ་ལོག་འདོད་མེད་ཚུལ་བརྗོད་དོན། “ འདི་གར་སྡོད་གནས་དང་ཟ་མ། གྱོན་པ་ཚང་མ་འདུག ང་རང་གི་ནང་ལས་ཀྱང་ཟ་རྒྱུ་ཡག་པོ་འདུག གླང་ཤ་དང་སྒོ་ང་འདུག ངའི་ཁྱིམ་དུ་ཟ་རྒྱུ་ཞོག་ཁོག་མ་གཏོགས་ཡོད་པ་མ་རེད། གལ་ཏེ་ང་ཁྱིམ་དུ་ལོག་ན་ད་དུང་ངས་ལས་ཀ་བྱེད་དགོས་པ་རེད།” ཅེས་སོགས་བརྗོད་འདུག

ལོ་ངོ་ ༣ གོང་དུ་ཁོའི་ཕ་མ་གཉིས་འདས་གྲོངས་ཕྱིན་རྗེས་འཚོ་བར་དཀའ་ངལ་འཕྲད་སྟབས། རྨོ་མོ་ལགས་ཀྱིས་ཁོ་བོ་དྲག་པོའི་ཁུ་ཚུར་ཚོགས་པར་རྩིས་སྤྲོད་བྱས་ཡོད་འདུག ཞའེ་ལཱོང་གི་ཨ་ཕ་འདས་རྗེས་ཨ་མས་ཁྱིམ་ཚང་གཡུགས་ཏེ་ཕྱིན་ཡོད་སྟབས། ཁོ་ལའང་དཀའ་ངལ་དེ་དང་གཅིག་པ་འཕྲད་སྟབས་ཚོགས་པ་དེར་འཛུལ་ཞུགས་བྱས་ཡོད་འདུག

སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་དུ་བཏང་བའི་ཐད་གཏོང་བརྙན་ཐུང་དེར་སྐྱོན་བརྗོད་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་བྱུང་ཡོད་ཅིང་། སྐྱོན་བརྗོད་བྱེད་མཁན་ཚོས་ཚོགས་པ་དེས་ཕྲུ་གུ་བེད་སྤྱོད་བྱས་ཏེ་དངུལ་མང་པོ་བསྡུ་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱབ་སྐྱོར་བྱེད་མཁན་ཚོས་ཕྲུ་གུ་དེ་དག་ལ་མདུན་ལམ་དང་རེ་བ་གང་ཡང་མེད་པར་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་ལས། ཚོགས་པ་དེས་ཕྲུ་གུ་དེ་དག་ལ་མ་འོངས་པར་རེ་བ་ཡོད་པ་ཞིག་བཟོ་བཞིན་ཡོད་སྐོར་བརྗོད་ཡོད།

གོང་གི་གནས་ཚུལ་དེའི་སྐོར་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་ནང་། དྲག་རྩལ་ཚོགས་པ་དེའི་ནང་གི་ཕྲུ་གུ་མང་ཆེ་བ་བོད་ཕྲུག་ཡིན་སྐོར་དང་། ཚོགས་པ་དེ་འཛུགས་མཁན་ཡང་བོད་པར་འབྲེལ་བ་ཡོད་སྐོར་སོགས་འཁོད་འདུག་ལ། ཚོགས་པ་དེས་ཕྲུ་དབུལ་ཕོངས་ཚོར་འཚོ་བ་དང་སློབ་སྦྱོང་གང་ཐང་ནས་རོགས་རམ་གནང་གི་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༢༨

Leave a Reply

2 thoughts on “ཕྲུ་གུ་དབུལ་པོ་དང་དྭ་ཕྲུག་ཚོར་དྲག་རྩལ་སྦྱོང་བརྡར་སྤྲོད་ཀྱིན་འདུག

  1. གསར་འགོད་པ་ཞིག་མ་འདྲ་གནས་ཚུལ་ཡང་གསར་ཁང་གཞན་ནས་ཕབ་བསྒྱུར་ཙམ་ལས་དེའི་ཐོག་རང་ངོས་ནས་དཔྱད་ཞིབ་བྱེད་མ་ཤེས་པ་ནི་དོན་ལ་ཕོངས་པའི་གསར་འགོད་པའི་མིང་འཁུར་བ་ཙམ་རེད།
    ཕྲུ་གུ་དེ་དག་བདག་སྐྱོང་བྱེད་མཁན་བོད་མི་ཞིག་ཡིན་པ་དང་ཁོང་གི་མིང་ལ་མགོན་པོ་ཟེར། ཁོང་གིས་རང་གི་དཀའ་སྤྱད་ལས་ཕྲུ་གུ་༤༠༠ལྷག་ལ་གཙོ་བོ་དྲག་རྩལ་སློབས་པ་མ་ཟད་ཟས་གོས་གནས་མལ་སོགས་གང་ཅིའི་ཐོག་རིན་མེད་ཀྱི་མཐུན་སྦྱོར་བྱེད་པ་དང་མ་འོངས་པ་ན་དབུལ་ཕོངས་དང་དྭ་ཕྲུག་གི་ཕྲུ་གུ་དེ་དག་སྤྱི་ཚོགས་སུ་བདག་མེད་དུ་ལུས་ནས་མཐར་ཉེས་ཅན་པ་ཞིག་ཏུ་གྱུར་བ་ལས་མགོན་པོ་ལགས་ཀྱིས་བཙུགས་པའི་ མགོན་པོ་དྲག་རྩལ་ཁང་ དུ་དྲག་རྩལ་སྦྱོང་ནས་མདུན་ལམ་དང་གཟི་བརྗིད་བརྩོན་ལེན་བྱེད་བཞིན་པ་ལ་ང་ཚོ་བོད་རིགས་གཅིག་པ་དང་ལར་ནས་བོད་དུ་ཡིན་ཙང་རྒྱབ་སྐྱོར་གང་ཐུབ་བྱེད་དགོས་པ་ལས་གོ་མེད་ཚོ་མེད་ཀྱི་གནས་ཚུལ་ཞིག་གསར་ཤོག་ཏུ་གང་བྱུང་བཀོད་མི་རུང་། མགོན་པོ་ལགས་ཀྱིས་ཕྲུ་གུ་དེ་དག་རང་གི་འདོད་མོས་དང་ཕ་མ་ཡོད་པ་ཚོར་ཁྱིམ་བདག་གི་འདོད་མོས་ལ་ལྟོས་ནས་དྲག་རྩལ་སློབས་པ་ལས་བཙན་དབང་དང་སྡུག་སྦྱོང་རྩ་བ་ནས་བྱེད་ཀྱི་མེད། ལྷག་པར་ཁོང་གིས་བཙུགས་པའི་མགོན་པོ་དྲག་རྩལ་ཁང་ནས་བོད་རིགས་དྲག་རྩལ་བ་བསོད་ནམས་དར་རྒྱས་དང་པད་མ་རྡོ་རྗེ་དེ་བཞིན་རྒྱ་རིགས་དྲག་རྩལ་བ་འང་སད་སོགས་དེང་སང་མིང་གྲགས་འགྲོ་བཞིན་པའི་དྲག་རྩལ་བ་མང་པོ་སྐྱེད་བསྲིངས་བྱེད་ཡོད་དེར་བརྟེན་གསར་འགོད་པ་ཉི་མ་ལགས་ཁྱེད་རང་དོན་དང་མཚུངས་པའི་གསར་འགོད་པ་ཞིག་བྱེད་བསམ་ན་དོན་དང་ཁུངས་བརྟན་པོ་ཡོད་པ་མ་ཟད་རང་ངོས་ནས་དཔྱད་བསྡུར་བྱེད་ནས་གཞི་ནས་གནས་ཚུལ་འགོད་རོགས་དེ་མིན་ལས་མཚམས་ཞོགས།