དམག་ཤུགས་དང་རྒྱུ་ཤུགས་ག་ཚོད་གཏོང་དགོས་ཀྱང་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ཡིན།

རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་ཐད་རྒྱ་ནག་གིས་རྒྱ་གར་ལ་དྲག་རྩུབ་ཉེན་བརྡ་གཏོང་གི་ཡོད་པ་དེ་བདེ་འཇགས་སྲུང་སྐྱོབ་ལྷན་ཚོགས་ཐོག་པེ་ཅིན་གྱི་གོ་བབ་ཇེ་མཐོར་གཏོང་ཐབས་ཤིག་ཡིན་སྐོར་བརྗོད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་ ༢༠༡༧།༧།༢༥ ཉིན་སྤེལ།
ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་གོམ་གང་མདུན་སྤོས་ཀྱིས་རྒྱ་ནག་གི་ས་མཚམས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལུགས་བཤད་པ་དེས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སྐོར་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག པེ་ཅིན་གཞུང་གིས་ལྡི་ལི་གཞུང་དང་ལྷན་དུ་མངའ་ཁུལ་རྩོད་གླེང་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་ཡོད་སྐོར་བརྗོད་ཅིང་། ཐེངས་འདིའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག རྒྱ་དཀར་ནག་གཉིས་ཀྱི་བདེ་སྲུང་ལྷན་ཁང་གི་དཔོན་རིགས་ཚོ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆིན་ (Wu Qian) གྱིས། རྒྱ་ནག་གིས་རྒྱ་དཀར་ནག་གི་ས་མཚམས་སུ་དམག་དཔུང་རྒྱ་སྐྱེད་པ་དང་དམག་སྦྱོང་ནུས་པ་མཐོ་རུ་གཏོང་འཆར་ཡོད་སྟབས། རྒྱ་གར་གྱིས་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཧ་གོ་དགོས་ལུགས་བཤད་ཡོད།

ཝུ་ཆིན་གྱི་སྐད་ཆ་དེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས། ཉེ་ཆར་རྒྱ་ནག་གི་དམག་དཔུང་གིས་བོད་མཐོ་སྒང་དུ་དྲག་པོའི་དམག་སྦྱོང་བྱེད་ཀྱིན་ཡོད་སྐོར་བརྗོད་པའི་བདུན་ཕྲག་གཅིག་གི་རྗེས་སུ་བཤད་ཡོད།

རྒྱ་ནག་གི་དྲག་པོའི་དམག་སྦྱོང་བྱེད་ས་དེ་འབྲོག་ལམ་མཐའ་མཚམས་དང་ཁད་ཐག་རིང་པོ་མིན་པ་དང་། མཐའ་ཁུལ་དེར་རྒྱ་ནག་གི་གཞུང་ལམ་འཛུགས་སྐྲུན་གྱི་འཆར་གཞིར་བརྟེན་ཏེ། རྒྱ་དཀར་ནག་གི་མཐའ་སྲུང་དམག་དཔུང་གིས་མཐའ་ཁུལ་དེ་འགོག་སྲུང་ནན་མོ་བྱས་ཡོད་པ་དང་། མཐའ་ཁུལ་དེ་ནི་འབྲུག་གི་ས་མཚམས་དང་འབྲེལ་ཡོད།

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་བཙུགས་ཏེ་ལོ་ངོ་ ༩༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་པར་བདུན་ཕྲག་གཅིག་ཙམ་ལས་མེད་པའི་སྐབས་འདིར། ཝུ་ཆིན་གྱིས་བཤད་རྒྱུར། “རྒྱ་གར་གྱིས་ས་མཚམས་རྩོད་གླེང་གི་གོ་སྐབས་འཚོལ་བའམ། རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ལ་མགོ་རྨོངས་མི་རུང་།” ཞེས་བརྗོད་ཡོད་པ་མ་ཟད། ཁོས་ད་དུང་འདས་པའི་ལོ་ངོ་ ༩༠ རིང་ལ་རྒྱ་ནག་གིས་སྔར་ལས་ལྷག་པར་མཐའ་སྲུང་དམག་དཔུང་གི་སྟོབས་ཤུགས་མཐོར་འདེགས་བཏང་ཡོད་པའི་སྐོར་ལ་ “རྒྱ་གར་གྱིས་རི་རབས་སྒུལ་སླ་ཡང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་སྒུལ་རྒྱུ་ལས་སླ་མོ་མིན” ཞེས་ཟེར།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་ ༩༠ འཁོར་པའི་དུས་དྲན་སྲུང་གཙིའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནང་སོག་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་དྲག་པོའི་དམག་ཁུལ་དུ་རྟོག་ཞིབ་བྱ་འཆར་ཡོད་པ་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་ཁུལ་ཆེ་ཤོས་དེ་ནང་སོག་ནང་བཙུགས་ཡོད་པ་དང་། ཝུང་ཆིན་གྱིས་གནས་ཚུལ་དེར་དུས་སྐབས་དང་བསྟུན་ཏེ་གསལ་བསྒྲགས་བྱ་རྒྱུ་ཡིན་ཚུལ་བཤད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་ (Lu Kang) གིས། པེ་ཅིན་གཞུང་གིས་གོ་སྒྲིག་བྱ་འཆར་ཡོད་པའི་སྐབས་བརྒྱད་པའི་བདེ་འཇགས་སྲུང་སྐྱོར་གྱི་མཐོ་རིམ་དཔོན་རིགས་ལྷན་ཚོགས་ (8th BRICS summit)ཞེས་པའི་སྟེང་། རྒྱ་གར་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་སློབ་སྟོན་པ་ཌོ་ཝལ་ (Doval) ལགས་མཉམ་ཞུགས་བྱ་འཆར་ཡོད་པ་དང་། མཐོ་རིམ་དཔོན་རིགས་ཀྱི་ལྷན་ཚོགས་དེ་ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༢༨ བར་འཚོགས་རྒྱུ་ཡིན་ཞིང་། ལྷན་ཚོགས་དེའི་ནང་བྷར་རྫིལ་དང་ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཁ་སོགས་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། ཡང་ཇེ་ཆི་ (Yang Jiechi) ནི་རྒྱ་ནག་གི་ས་མཚམས་རྩོད་རྙོག་འདུམ་འགྲིག་གི་སྐུ་ཚབ་གཙོ་བོ་ཡིན་པ་དང་། ཁོ་ཡང་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་སོགས་བཤད་འདུག

ཡིན་ནའང་ལུ་ཁང་གིས་ཐེངས་འདིའི་ལྷན་ཚོགས་ཐོག རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་མིན་གསལ་བཤད་བྱས་མི་འདུག རེའུ་ཊར་གསར་ཁང་གིས་ལུ་ཁང་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། “རྒྱ་ནག་གིས་རྒྱ་དཀར་ནག་གི་ས་མཚམས་ཁག་ཞི་བདེ་དང་བརྟན་ལྷིང་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་གར་གྱིས་རྒྱ་ནག་གི་མངའ་ཁོངས་རྩོད་གླེང་ལ་བར་འདུམ་བྱས་མི་ཆོག” ཅེས་བཤད་ཡོད་སྐོར་འཁོད་འདུག

ཧྲང་ཧེ་གྲོང་ཁྱེར་གྱི་ལྷོ་ཨེ་ཤ་ཡ་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ལྟེ་གནས་ཁང་གི་ཆེད་མཁས་པ་ཝང་ཌི་ཧྭ་ (Wang Dehua) ཡིས། རྒྱ་ནག་བདེ་སྲུང་ལྷན་ཁང་གི་གླེང་སློང་དེར་གཞིགས་ན། པེ་ཅིན་གཞུང་གིས་རྒྱ་གར་གཞུང་དང་ལྷན་དུ་མཐའ་མཚམས་རྩོད་གླེང་ལ་གྲོས་མོལ་བྱ་རྒྱུ་གནད་འགག་ཏུ་བཟུང་ཡོད་པ་ཞིག་ཏུ་མཐོང་གི་ཡོད་ཚུལ་བཤད་འདུག

རྒྱ་ནག་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝུ་ཆིན་ (Wu Qian) གྱིས་ད་དུང་། རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱེད་པ་དེ་ཁྲིམས་མཐུན་ལུགས་མཐུན་ཡིན་ཚུལ་དང་། ལྡི་ལི་གཞུང་གིས་རྒྱ་ནག་གི་མངའ་ཁོངས་བདག་དབང་རྡོག་རོལ་བཏང་བ་ཡིན་ལུགས། པེ་ཅིན་གཞུང་གི་ལངས་ཕྱོགས་མཐའ་ཁུལ་དེའི་རྒྱ་གར་གྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དེ་མངའ་ཁུལ་རྩོད་གླེང་ལ་ཞི་བའི་གྲོས་མོལ་ཡོང་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་གཙོ་བོ་ཞིག་ཡིན་ལུགས་སོགས་ནན་བཤད་བྱས་འདུག

ཝུ་ཆང་གིས་མུ་མཐུད་དུ་བཤད་རྒྱུར། “རྒྱ་གར་གྱིས་རྒྱལ་སྤྱིའི་སྲིད་དོན་གནས་སྟངས་ལ་ལོག་འགྲེལ་བྱེད་པ་དང་། ནེ་རུ་ཡིས་བཟོས་པའི་ནོར་འཁྲུལ་ལ་རྒྱ་ནག་གིས་འགོག་རྒོལ་མི་བྱེད་པའི་བསམ་ཚུལ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་པར་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད” ཅེས་ཟེར། སྐད་ཆ་དེ་ ༡༩༦༢ ལོར་རྒྱ་དཀར་ནག་ས་མཚམས་དམག་འཁྲུག་སྐབས་རྒྱ་གར་སྲིད་བློན་ནེ་རུ་ཡི་ལྟ་ཚུལ་ཞིག་ཡིན་སྐོར་ལུང་འདྲེན་བྱས་པ་ཞིག་རེད།

རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་མའོ་ཧན་ཊེ་ (Mohanty)ལགས་ཀྱིས་རྒྱ་ནག་གི་འུད་སྒྲོག་དེས་རྒྱལ་ཁབ་གཉིས་བར་འཁོན་སེམས་གསར་པ་ཞིག་བཟོས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་གཅིག་ལན་གཅིག་འཇལ་གྱི་སྡིགས་མོ་དེས་རྩོད་གླེང་ཇེ་ཆེར་གཏོང་རྒྱུ་ཡིན་སྐོར་བཤད་འདུག

གསར་འགོད་པ་(Catherine Wong)རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་སྟེང་སྤེལ།

གསར་འགོད་པ་པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༢༥

Leave a Reply