ཨ་རུ་ན་ཅལ་མངའ་སྡེ་ནང་མཐའ་མཚམས་ཕྱོགས་སུ་ས་འོག་ཕུག་ལམ་བཟོ་འཆར།

རྒྱ་གར་གྱི་ (ndtv) གསར་ཁང་གིས་ ༢༠༡༧།༧།༢༤ ཉིན་སྤེལ།
རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚན་པ་(BRO)ཞེས་པས་ཨ་རུ་ན་ཅལ་མངའ་སྡེའི་ནང་ས་འོག་ཕུག་ལམ་གཉིས་གཏོད་རྒྱུ་ཡིན་པ་དང་། དེ་ཕུག་ལམ་དེ་གཉིས་ཀྱི་སྤྱིའི་རིང་ཚད་ལ་སྨི་ ༤༡༧༠ ཡོད་ཅིང་། ས་འོག་ཕུག་ལམ་དེ་གཉིས་ཀྱིས་མོན་རྟ་དབང་བརྒྱུད་དེ་རྒྱ་ནག་གི་མཐའ་མཚམས་བར་འགྲུལ་སྐྱོད་ལམ་ཐག་སྤྱི་ལེ་ ༡༠ ཙམ་ལས་མེད་པ་ཆགས་རྒྱུ་ཡིན་འདུག

རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚན་པས་ཨ་རུ་ན་ཅལ་མངའ་སྡེའི་གསར་ཁང་ (Itanagar today)ཞེས་པར། “ས་འོག་ཕུག་ལམ་དེ་བརྒྱུད་ནས་རྒྱ་གར་གྱི་མཐའ་མཚམས་དམག་སྡེ་ཨང་ ༤ བའི་ལྟེ་གནས་ཏེ་ཛི་པུར་(Tezpur) ནས་མོན་རྟ་དབང་ (Tawang) བར་འགྲུལ་སྐྱོད་ཆུ་ཚོད་གཅིག་ཙམ་ལས་མི་དགོས་ཤིང་། ས་འོག་ཕུག་ལམ་དེ་བརྒྱུད་ནས་རྒྱལ་ཡོངས་གཞུང་ལམ་ཨང་རྟགས་ ༡༣ (National Highway 13) པའི་བདེ་འཇགས་ཁག་ཐག་བྱེད་ཐུབ་པ་དང་། ལྷག་པར་དུ་ས་འོག་ཕུག་ལམ་དེ་ཨ་རུ་ན་ཅལ་མངའ་སྡེའི་ནུབ་ཁུལ་གྱི་འབུམ་སྡེ་ལ་ནས་རྟ་དབང་བར་བཟོ་འཆར་ཡོད་ཀྱང་། གནམ་གཤིས་ཀྱི་དབང་གིས་ས་འོག་ཕུག་ལམ་འཛུགས་སྐྲུན་ལས་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱེད་དགོས་བྱུང་ཡོད།” ཅེས་བརྗོད་ཡོད་འདུག

ད་དུང་གནས་ཚུལ་དེའི་ནང་། རྒྱ་གར་གྱི་ས་འོག་ཕུག་ལམ་འཛུགས་སྐྲུན་དེས་ཧི་མ་ལ་ཡའི་ཤར་རྒྱུད་འབུམ་སྡེ་ལ་ཡི་བདེ་འཇགས་མིན་པའི་ས་བབ་བརྒྱུད་དེ་བོད་དང་རྒྱ་གར་ས་མཚམས་བར་འགྲོ་འོང་སྟབས་བདེ་བཟོ་རྒྱུ་ཡིན་པ་དང་། རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚན་པའི་འོག་གི་ཛ་དྲག་ལས་དོན་ཚན་ཁག་ཨང་ ༤༢ (42 BRTF)ཞེས་པའི་བཀོད་འདོམས་པ་རེའོ་ (RS Rao) ཡིས། ནུབ་ཀ་མེང་ (West Kameng) རྫོང་དཔོན་གཞོན་པ་(DC) ལྕམ་ས་ཝ་རའོ་ཕི་ (Swaroop) ལ་ས་འོག་ཕུག་ལམ་འཛུགས་སྐྲུན་ལས་གཞི་དེར་ཆོག་མཆན་ཞུས་ཡོད་སྐོར་སོགས་འཁོད་འདུག

གོང་གསལ་གནས་ཚུལ་ལྟར་ན། ས་འོག་ཕུག་ལམ་ལས་གཞི་དེ་བྷེ་ས་ཀེ་ (Baisaki) ཞེས་པའི་མཐའ་མཚམས་ནས་རྒྱལ་ཡོངས་གཞུང་ལམ་ཨང་ ༡༣ (National Highway 13)ཞེས་པའི་བར་སྤྱི་ལེ་ ༡༢.༣༧ རིང་ལ་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། དེ་ནས་རིང་ཚད་སྨི་ ༡༧༩༠ ཡོད་པའི་ནུ་ར་རང་ (Nurarang) མཐའ་མཚམས་བརྒྱུད་དེ་སེ་ལ་ཆབ་རི་ལ་ (Sela-Chabrela) ཟམ་པར་མཐུད་དེ། བྷ་ལེ་པཱ་ར་ཆུ་ཌུར་རྟ་དབང་གཞུང་ལམ་ (Balipara-Chaudur-Tawang)ཞེས་པའི་བར་འཛུགས་སྐྲུན་བྱ་རྒྱུ་ཡིན་འདུག

ཡིན་ནའང་འབྲུག་གི་མཐའ་མཚམས་བརྒྱུད་འབྲས་ལྗོངས་ (Assam) ནང་ཡོད་པའི་ཨོ་རང་ (Orang) གཞུང་ལམ་དང་། ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་ཀ་ལག་ཐང་ (Kalaktang) གཞུང་ལམ་སོགས་ཀྱི་འགྲུལ་སྐྱོད་ལམ་ཐག་ཇེ་ཉེར་འགྲོ་རྒྱུ་ཡིན་འདུག

གནས་ཚུལ་དེའི་ནང་ད་དུང་། ས་འོག་ཕུག་ལམ་དེས་ས་ཁུལ་དེའི་རིང་ཚད་སྤྱི་ལེ་ ༦.༥༠ ཡི་འཇིག་ཉེན་ཆེ་བའི་ས་བབ་མཐོན་པོ་དང་ལམ་གཟར། དཀྱོག་མཚམས་སོགས་ཀྱི་དཀའ་ངལ་སེལ་ཐུབ་སྐོར་འཁོད་འདུག གནས་ཚུལ་ནང་ “སེ་ལ་ས་འོག་ཕུག་ལམ་ལ་བརྟེན་ཏེ་རྟ་དབང་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་ངེས་ཡིན་པ་དང་། ས་ཆ་དེའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པའི་ཡིད་དབང་འཕྲོག་སྟེ། རྟ་དབང་ས་ཁུལ་ནི་སྔར་ལས་ལྷག་པར་རྒྱ་གར་ནུབ་རྒྱུད་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཆགས་སྲིད” ཅེས་འཁོད་ཡོད་འདུག

ལྕམ་ས་ཝ་རའོ་ཕི་ཡིས་བརྗོད་རྒྱུར། “རྟ་དབང་ནང་གཞུང་ལམ་ཟླ་བསྒྲིལ་འཛུགས་སྐྲུན་གྱི་རིང་ཚད་ལ་སྤྱི་ལེ་ ༡༢.༣༧ ཡོད་པ་དང་། ས་འོག་ཕུག་ལམ་དེ་གཉིས་སེ་ལ་ (Sela) བརྒྱུད་དེ་གཞུང་ལམ་གྱི་དཀྱོག་མཚམས་མང་པོ་སྦྲེལ་འཆར་ཡོད་པ་དང་། གཞུང་ལམ་ཟླ་བསྒྲིལ་འཛུགས་སྐྲུན་གསར་བ་དེས་ཧྥི་ཊི་ ༡༢༠༠༠ ནས་ ༡༡༠༠༠ ཡི་གཞུང་ལམ་ལ་འཕོ་འགྱུར་ཆེན་གཏོང་རྒྱུ་ཡིན་པ་དང་། ལས་གཞི་དེ་ཆར་དུས་རྗེས་སུ་མགོ་འཛུགས་འཆར་ཡོད་པ་རེད” ཅེས་ཟེར།

རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚན་པས་ས་འོག་ཕུག་ལམ་འཛུགས་སྐྲུན་ལས་གཞི་དེ་ཡོངས་སུ་འགྲུབ་ཐུབ་བྱ་འཆར་ཡོད་པ་དང་། ཚན་པ་དེས་རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་ཁག་འཛུགས་སྐྲུན་དང་དོ་དམ་ནན་མོ་བྱེད་ཀྱི་ཡོད་འདུག རྒྱ་གར་གྱི་མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚན་པ་དེས། དགུན་དུས་ཁ་བ་ཤུགས་ཆེན་བབ་སྟེ་གཞུང་ལམ་ཁག་འགག་སྟེ་རྒྱ་གར་གྱི་མཐའ་སྲུང་དམག་དཔུང་མཐའ་མཚམས་ཁག་ཏུ་འགྲུལ་སྐྱོད་མི་ཐུབ་པའི་དཀའ་ངལ་ཁག་སེལ་ཐུབ་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༢༦

Leave a Reply

One thought on “ཨ་རུ་ན་ཅལ་མངའ་སྡེ་ནང་མཐའ་མཚམས་ཕྱོགས་སུ་ས་འོག་ཕུག་ལམ་བཟོ་འཆར།

  1. རྒྱ་ནག་གིས་རྒྱ་གར་ལ་རྫིག་ཉམས་བསྟན་པ་དང་། རྒྱ་གར་གྱིས་མཐའ་མཚམས་གཞུང་ལམ་ཡག་པོ་བཟོ་འགོ་ཚུགས་པ།