རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེའི་ལས་དབང་།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་ ༢༠༡༧།༧།༢༦ ཉིན་སྤེལ།
ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་ལྷོ་ནུབ་ཁྲུང་ཆིན་ (Chongqing)གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་བ་དང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཟུར་བ་སུན་ཀྲིན་ཚའེ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཞིབ་བཤེར་བྱས་པ་བརྒྱུད་དེ། ཁྲུང་ཆིན་གྲོང་ཁྱེར་གྱི་མགོ་གཞན་དག་ཀྱང་ལྐོག་ཟ་རུལ་སུངས་ནང་ཚུད་ཡོད་པའི་ཉེན་བརྡ་བཏང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་སུན་ཀྲིན་ཚའེ་(Sun Zhengcai)པེ་ཅིན་དུ་བཀའ་འགུག་བྱས་ཏེ་དགོང་མོ་དེར་གསོལ་མགྲོན་ཁང་ཞིག་ཏུ་གློ་བུར་བཀག་ཉེར་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ ཉིན་ཁོའི་ཚབ་ཏུ་ཀེའུ་ཀྲུག་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)གནས་སྤོ་བཏང་སྟེ་ཁྲུང་ཆིན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། སུན་ཀྲིན་ཚའེ་ནི་རྒྱ་ནག་གི་སྲིད་འཛིན་སྔོན་མ་ཧུའུ་ཅིན་ཐའོ་དང་ཝུན་ཆ་པོ་སོགས་ཀྱིས་སྐྱེད་སྲིང་བྱས་པའི་དཔོན་རིགས་རེ་བཞག་ཅན་ཞིག་ཡིན་པ་དང་། ཐེངས་འདིར་གསར་དུ་ཁྲུང་ཆེན་དམར་ཤོག་དྲུང་ཆེར་བསྐོས་པའི་ཁྲིན་མིན་ཨིར་ནི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱི་བློ་གཏད་བཅོལ་ཡུལ་ཞིག་ཡིན་པ་མ་ཟད། ཁོ་མ་འོངས་པར་རྒྱ་ནག་དབུས་མཐོ་རིམ་མགོ་ཁྲིད་ནང་བསླེབ་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཁ་སང་ཁྲུང་ཆིན་གྲོང་ཁྱེར་ཉིན་རེའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། པེ་ཅིན་གཞུང་གི་ཐག་གཅོད་གཞིར་བཟུང་སུན་ཀྲིན་ཚའེ་ལ་ཞིབ་བཤེར་བྱས་པའི་ཉིན་དེར་ཁྲུན་ཆིན་གྲོང་ཁྱེར་གྱི་མཐོ་རིམ་མགོ་ཁྲིད་ཚོར་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་མཇུག་ཏུ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་དམར་ཤོག་ཚོགས་པའི་སྲོག་ཤིང་ཡིན་པའི་མཚན་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་དགོས་དམིགས་གཙོ་བོ་ཡིན” ཞེས་དང་། “ང་ཚོས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དང་ཚོར་བ་རྣོ་བའི་དོན་རྐྱེན་མང་པོ་དུས་ཐོག་ཏུ་བཀག་སྡོམ་དང་འོས་འཚམ་གྱིས་བརྡ་ལན་སྤྲོད་དགོས” ཞེས་འཁོད་ཡོད་འདུག

ཐེངས་འདིའི་དམིགས་བསལ་ཚོགས་འདི་དེར་ཁྲིན་མིན་ཨིར་གྱིས་གཙོ་སྐྱོང་བྱས་ཡོད་པ་དང་། ཁྲིན་མིན་ཨིར་ཟེར་བ་དེ་ནི་ཟླ་འདིའི་ནང་སུན་ཀྲིན་ཚེ་ཡི་ཚབ་ཏུ་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེར་གསར་དུ་བསྐོ་བཞག་བྱས་ཡོད་པ་མ་ཟད། ཁོང་ནི་ཞི་ཅིན་ཕིན་གྱི་བློ་འཁེལ་དཔོན་རིགས་ཤིག་ཀྱང་ཡིན་འདུག

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་སུན་ཀྲིན་ཚའེ་ཡིས་ལྐོག་ཟ་རུལ་སུངས་དང་འབྲེལ་ཏེ། ཏང་གི་སྒྲིག་ཁྲིམས་ལ་ཚབས་ཆེ་བའི་རྡོལ་རོལ་བཏང་ཡོད་པའི་ཉེས་མིང་བཙུགས་ཏེ་ཞིབ་བཞེར་བྱས་ཡོད།

སུན་ཀྲིན་ཚའེ་ནི་ཞི་ཅིན་ཕིན་གྱིས་ ༢༠༡༢ ལོ་ནས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱས་པའི་ཚུན་ལ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ ༢༥ གྲས་ཀྱི་ཞིབ་བཤེར་བྱས་པ་ཐོག་མ་དེ་ཆགས་ཡོད།

འབྱུང་འགྱུར་ད་ལོའི་སྟོན་ཁར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལོ་ངོ་ ༥ རིང་གི་ཆེས་མཐོའི་མགོ་ཁྲིད་རྣམས་བསྐྱར་སྒྲིག་བྱེད་རྒྱུར་ཟླ་བ་ཁ་ཤས་ལས་མེད་པའི་སྐབས་འདིར་གློ་བུར་དུ་སུན་ཀྲིན་ཚའེ་ཡི་མཚན་གནས་ལྷུང་ཡོད། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་ (Global Times) གི་རྩོམ་སྒྲིག་པའི་གཏམ་ནང་སུན་ཀྲིན་ཚའེ་ཡི་མཚན་གནས་གློ་བུར་ཟེགས་པ་དེར་གཡོ་འགུལ་ཐེབས་པའི་མཇུག་འབྲས་ཆེན་པོ་ཞིག་འབྱུང་སྲིད་ཚུལ་འཁོད་ཡོད། རྩོམ་ཡིག་ནང་། “ ཡིན་ན་ཡང་ང་ཚོ་ཡིད་ཆེས་པ་ཞིག་ལ། བཅོས་སྒྱུར་གྱི་ངོ་ལོ་འདི་དག་རིང་ལ། རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་སྒྲོམ་གཞི་ཁག་སྔོན་ཆད་ལས་སྲ་བརྟན་ཆགས་ཡོད” ཅེས་དང་། “སུན་ཀྲིན་ཚའེ་ཡི་མཚན་གནས་གློ་བུར་དུ་ཟེགས་པའི་གཡོ་འགུལ་དེས་འགྱུར་བ་ག་རེ་ཡིན་ཡང་འབྱུང་སྲིད་པ་རེད” ཅེས་འཁོད་འདུག

སུན་ཀྲིན་ཚའེ་ནི་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེའི་མཚན་གནས་ལས་ཞིབ་བཤེར་བཀག་བསྐྱིལ་འོག་ཚུད་པ་གཉིས་པ་དེ་ཆགས་ཡོད། ༢༠༡༣ ལོར་ཁྲུང་ཆིན་དམར་ཤོག་དྲུང་ཆེ་ཟུར་བ་པོ་ཞི་ལེ་ (Bo Xilai)བཙོན་འཇུག་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་དམར་ཤོག་ཚོགས་པའི་ཆབ་སྲིད་རྩོད་རྙོག་ཆེ་ཤོས་དེ་ཆགས་ཡོད། པོ་ཞི་ལེ་ཡི་ཉེས་མིང་ལ་བརྟེན་ཏེ་ཁྲུང་ཆིན་གྲོང་ཁྱེར་ཉེན་རྟོག་མགོ་བ་ཝང་ལེ་ཅུན་ (Wang Lijun) ཡང་གོ་གནས་ལས་ལྷུང་བའི་མི་ཚད་མཐར་བཙོན་འོག་ཏུ་ཚུད་ཡོད།

པོ་ཞི་ལེ་དང་ཝང་ལེ་ཅུན་གཉིས་ཀྱི་ཕམ་ཉེས་དང་དེའི་ཤན་ཤུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་སུན་ཀྲིན་ཚེ་གཙོ་བྱས་ཏེ་ཁྲུང་ཆིན་གྲོང་ཁྱེར་གྱི་མགོ་ཁྲིད་ཚོར་ཉེས་ཆད་བཏང་ཡོད།

ཁྲུང་ཆིན་གྲོང་ཁྱེར་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་ལྟར་ན། གཟའ་ཟླ་བའི་ཉིན་ཁྲུང་ཆིན་གྲོང་ཁྱེར་མཐོ་རིམ་མགོ་ཁྲིད་ཚོགས་འདུའི་ཐོག་པོ་ཞི་ལེ་དང་ཝང་ལེ་ཅུན་གཉིས་ཀྱི་གནོད་སྐྱོན་དག་ཐེར་བྱེད་དགོས་བྱུང་ཡོད་འདུག རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་གཞན་ཞིག་གི་ནང་། ལོན་ཌོན་རྒྱལ་པོའི་མཐོ་རིམ་སློབ་གཉེར་ཁང་གི་རྒྱ་ནག་ཞིབ་འཇུག་ཚན་པའི་འགན་འཛིན་སྐུ་ཞབས་ཁི་རེ་བྷི་རའོ་ཝན་ (Kerry Brown)ལགས་ཀྱིས་ “ད་ཆར་ཁྲུང་ཆིན་གྲོང་ཁྱེར་ནི་དུག་གི་ཆང་ཕོར་ཞིག་དང་འདྲ་བོ་འདུག ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཟུར་བ་བཞིའི་གྲས་ནས་གཉིས་ཀྱི་མཚན་གནས་མེད་པ་བཟོས་ཚར་བ་རེད” ཅེས་དང་། “གཅིག་བྱས་ན་ཁྲུང་ཆིན་ནི་དམར་ཤོག་ཚོགས་པའི་གསང་བ་ལྐོག་གྱུར་གྱི་ཁུངས་སྣེ་ཞིག་ཡིན་སྟབས། གྲོང་ཁྱེར་དེའི་མཐོ་རིམ་མགོ་ཁྲིད་ཚོར་དག་ཐེར་བྱས་ཏེ་གྲགས་མེད་འགུལ་མེད་བཟོ་བཞིན་ཡོད་པ་འདྲ། པོ་ཞི་ལེ་ཡི་ཉེས་དོན་འོག་སུན་ཀྲིན་ཚའེ་ཡི་ཁྲུན་ཆིན་གྲོང་ཁྱེར་ནི་དེང་རབས་ཅན་དང་གསར་གཏོད་ཅན་གྱི་ལས་དོན་ལག་བསྟར་བྱེད་ས་ལྟ་བུ་ཆགས་ཡོད། མ་ཟད་གྲོང་ཁྱེར་དེ་ད་དུང་ཏང་ལ་བློ་དཀར་མིན་ཚོད་ལྟ་བྱེད་ས་ཞིག་ཀྱང་ཡིན་ངེས་རེད” ཅེས་ཟེར།

གཞན། རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་གཙོ་འཛིན་ཝང་ཆི་ཧྲན་ (Wang Qishan) གྱིས། མི་མང་ཉེན་རེའི་ཚགས་པར་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། “ཞིབ་བཤེར་བྱེད་པ་ནི་ཆབ་སྲིད་ལ་བརྟག་དཔྱད་བཏང་བ་ཞིག་ཡིན། ཡང་ནས་བསྐྱར་དུ་བརྟག་དཔྱད་བྱེད་པ་ནི་ཆབ་སྲིད་བསྐྱར་ཞིབ་བྱས་པ་ཞིག་ཡིན། དེའི་དམིགས་འབེན་གཙོ་བོ་ཆབ་སྲིད་ཉེན་ཁ་སྔོན་འགོག་བྱེད་རྒྱུ་དེ་ཡིན” ཞེས་བྲིས་ཡོད་འདུག

པེ་ཅིན་གྲོང་ཁྱེར་ནང་སྡོད་མཁན་རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་པ་ཀྲུང་ལི་ཧྥན་ (Zhang Lifan)ལགས་ཀྱིས་བཤད་རྒྱུར། “ཁྲིན་མིན་ཨིར་ད་ལྟ་སུང་ཀྲིན་ཚའེ་ཡི་ཚབ་ཏུ་བསྐོ་བཞག་བྱས་པ་དེས་ཁྲིན་མིན་ཨིར་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནང་བསླེབ་རྒྱུའི་རེ་བ་ཆེན་པོ་སྤྲོད་ཡོད།”ཅེས་ཟེར།

ཧྲང་ཧེ་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་ཚན་པའི་དགེ་རྒན་ཆེན་མོ་ཁྲིན་ཏོ་ཡེན་ (Chen Daoyin)ལགས་ཀྱིས། ཁྲིན་མིན་ཨིར་གྱི་གོ་གནས་འཕར་སྟངས་དེ་སྔོན་ཆད་ཞི་ཅིན་ཕིན་གྱི་གོ་གནས་འཕར་སྟངས་དང་ཧ་ཅང་འདྲ་བོ་འདུག ༢༠༠༧ ལོར་ཞི་ཅིན་ཕིན་སྲིད་འཛིན་དུ་བསྐོ་བཞག་མ་བྱས་སྔོན་ཏག་ཏག་ལ་ཁོ་རང་ཧྲང་ཧེ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་རེད།” ཅེས་ཟེར།

རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཐེངས་འདིར་སུན་ཀྲིན་ཚའེ་དམར་ཤོག་ཚོགས་ཁུངས་ནས་ཕྱིར་ཕུལ་བཏང་སྟེ། ཁོའི་ཚབ་ཏུ་ཁྲིན་མིན་ཨིར་གྱི་གོ་གནས་སྤར་བ་དེས་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པའི་དཔོན་རིགས་བསྐོ་བཞག་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

 གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༢༧

Leave a Reply

2 thoughts on “རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེའི་ལས་དབང་།

  1. གནས་སྟངས་གང་ལ་ལྟས་རུང་གཙོ་བོ་ཞེས་ཅེན་ཕེན་གྱིས་རང་ཉིད་ཀྱི་ལས་སུ་སྐོས་འོས་པ་ཞིག་ལག་གཡོག་ཏུ་འཐེན་སྲིད་པ་རེད་ཡིན་ན་ཡང་འདི་གནས་ཚུལ་བཟང་པོ་ཞིག་མ་རེད་ཟེར་ན་ཡང་ཧ་གོ་རྒྱུ་ཞིག་མ་རེད། ངས་ལྟས་ན་གང་ལྟར་ཞེས་ཅེན་ཕེན་རང་ཉིད་ཀྱི་གོ་ས་བརྟན་དགོས་ན་རང་གི་ཕྱོགས་རྟོགས་་འཚོ་ཡར་འཐེན་དགོས་པ་གལ་ཆེན་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    གྲལ་རིམ་དམངས་གཙོ་གཅིག་བསྡུད་འོག་ཆབ་སྲིད་སྒོ་གནས་ཀྱི་ཐབ་རྩོད་སྲུང་བའི་ལག་ཆ་དཔལ་འབྱོར་གཙང་སེལ་བཟོ་རྒྱུ་དང་གྲལ་རིམ་ལ་འགན་འཁུར་ནས་ཆབ་སྲིད་ཀྱི་ཞ་མོ་གཡོག་རེས་བརྒྱུད་ནས་རང་གི་སྒོ་ས་གཏན་པོ་བཟོ་བཞིན་པའི་རྒྱ་ནག་གི་འགོ་འཁྲིད་ནང་ལྐོག་ཟ་རུལ་སྲུང་དང་སྤྱི་རྒྱུ་ཧམ་བཟོས་བྱ་མཁན་ཤ་ཅིག་ཡིན་པ་དང་གྲལ་རིམ་དང་ཕྱོགས་གཏོགས་དབང་ཤུགས་ལ་འགན་འཁྱེར་བའི་རྒྱ་ནག་ནང་སུ་ལ་ཕྱོགས་གཏོགས་ཉུང་བ་དེར་ཕམ་ཁ་དང་སུ་ལ་ཕྱོགས་གཏོགས་དང་དབང་ཆ་ཡོད་པ་དེར་རྒྱལ་ཁ་ཐོབ་པ་ནི་རྒྱ་ནག་ཙམ་མ་ཡིན་པ་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ལག་ལྟར་བྱེད་བཞིན་པ་ནས་ངོ་འཕྲོད་ཐུབ་བོ་།