རྒྱ་ནག་གི་ཁེ་ཕན་ལ་གནོད་སྐྱོན་བཟོ་མི་ཆོག་ཟེར།

ཕྱི་ཟླ་ ༨ ཚེས་ ༡༧ ནས་ཉིན་གསུམ་རིང་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བྷོ་ཊི་སི་ཝ་ནའི་རྒྱལ་སར་འཚོགས་འཆར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་ཕེབས་འཆར་ཡོད་པར་རྒྱ་ནག་ཁོང་ཁྲོ་ལང་།

ཧིན་དྷུ་སི་ཐན་དུས་བབ་ཀྱིས་ ༢༠༡༧།༧།༢༦ ཉིན་སྤེལ། 
ཁ་སང་གཟའ་ལྷག་པའི་ཉིན། རྒྱ་ནག་གིས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བྷོ་ཊི་སི་ཝ་ན་ (Botswana) ནང་ཆིབས་སྒྱུར་བསྐྱང་འཆར་ཡོད་པར་ཁོང་ཁྲོ་ལངས་ཏེ། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཀྱིས་པེ་ཅིན་གཞུང་གི་གལ་ཆེའི་ཁེ་ཕེན་ལ། གནོད་སྐྱོན་བཟོས་མི་ཆོག་པའི་ཉེན་བརྡ་བཏང་ཡོད།

པེ་ཅིན་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབྲེལ་བ་འཛིན་པ་དང་མགྲོན་འབོད་ཞུ་མཁན་རྒྱལ་ཁབ་ཁག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ “ཏཱ་ལའི་བླ་མ་ནི་ལུག་པགས་གྱོན་པའི་སྤྱང་ཀི” དང་། “བོད་ནང་ཁ་བྲལ་གྱི་ལས་འགུལ་སློང་མཁན་ཞིག་ཡིན་པའི་སྐྱོན་འདོགས་བྱེད་ཀྱིན་ཡོད།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས་ “རྒྱ་ནག་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཏཱ་ལའི་བླ་མའི་གཟིགས་སྐོར་ཐད་ཀྱི་རྒྱ་ནག་གི་ལངས་ཕྱོགས་གསལ་བོར་བཤད་ཡོད” ཅེས་དང་། “ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གལ་ཆེའི་ཁེ་ཕན་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་དུ་འཇུག་རྒྱུ་མིན། ང་ཚོས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གལ་ཆེའི་ཁེ་ཕན་ལ་གནོད་པའི་བྱ་བ་བསྒྲུབ་པར་མོས་མཐུན་བྱ་མི་སྲིད” ཅེས་བཤད་ཡོད་འདུག

འཆར་ཟླ་ ༨ ཚེས་ ༡༧ ནས་ཉིན་གསུམ་རིང་༧གོང་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བྷོ་ཊི་སི་ཝ་ན་ (Botswana) ཡི་རྒྱལ་ས་གྷ་བྷོ་རའོ་ནི་ (Gaborone) ནང་འཚོགས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་རེད།

རྒྱ་ནག་ནི་ཨ་ཧྥི་རི་ཁའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་ཚོང་གཉེར་ཁང་ཁག་གིས་བྷོ་ཊི་སི་ཝ་ན་རྒྱལ་ཁབ་ནང་ཁེ་ལས་འཛུགས་སྐྲུན་གྱི་འཆར་གཞི་མང་པོ་བཟོས་ཡོད།

བོད་ནང་ཞི་བའི་སྒེར་ལངས་ལ་ཕམ་ཉེས་བྱུང་རྗེས་ ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་ཁོང་བཙན་བྱོལ་ནང་འཚོ་བཞུགས་གནང་ཡོད། ཕྱིའི་རྒྱལ་ཁབ་གང་རུང་གིས་ཁོང་མགྲོན་འབོད་ཞུས་མ་ཐག་རྒྱ་ནག་གིས་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་ཁྱིམ་མཚེས་རྒྱལ་ཁབ་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པར་བརྟེན་ཏེ། རྒྱ་ནག་གིས་སོག་ཡུལ་གྱི་དཔལ་འབྱོར་འཚོལ་སྒྲུབ་བཀག་སྡོམ་བྱས་ཏེ། སོག་ཡུལ་གྱི་དཔལ་འབྱོར་ཞ་འཐེང་བཟོས་ཡོད། དེ་བཞིན། འདི་ལོའི་ཕྱི་ཟླ་ ༤ ནང་ཨ་རུ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་སྐབས། པེ་ཅན་གཞུང་གིས་ཨ་རུ་ན་ཅལ་ནི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་དེ། རྒྱ་གར་ནུབ་ཤར་མངའ་སྡེའི་གྲོང་ཁྱེར་ ༦ དྲུག་གི་མིང་བརྗེས་ནས་རྒྱ་གར་ལ་འཁོན་ལན་བསློགས་ཡོད།

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༧/༢༧

Leave a Reply

3 thoughts on “རྒྱ་ནག་གི་ཁེ་ཕན་ལ་གནོད་སྐྱོན་བཟོ་མི་ཆོག་ཟེར།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    དེང་སང་རྒྱ་ནག་ཧོབ་ཏེ་མེ་ཆེན་པོ་བར་བའི་གང་ལ་རེད། ཡིན་ནའང་། བོད་པ་ཚོ་ མེ་ཆུང་ཆུང་ལ་ གཡབ་ཆུང་བྱེད་རྒྱུ་མེད།

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    གཞུང་པ་ཚེདབང་བསོད་ནམས་ལགས་ཀྱི་རྩོམ་ཐུང་དེ་ལ་ གུས་པས་ དགའ་སུ་ཞུ་ཡི་ཡོད་དོ། ཐུགས་རྗེ་ཆེ།

  3. གཞུང་པ་ཚེ་དབང་བསོད་ནམས་

    གངས་སེང་དཀར་པོ་གཡུ་རལ་ངོམས་ནས་ཕེབས་།
    རྒྱ་ཁྱི་དམར་པོ་ངུ་སྐད་གྲགས་ནས་སྡོད་།
    གཡུ་འབྲུག་སྔོན་མོ་དགུང་་སྔོན་དབྱིངས་ནས་གྲགས་།
    བདུག་སྦྲུལ་དམར་པོ་ས་འོག་འཛུལ་ནས་སྡོད་།
    ཏ་ལའི་བླ་མས་འཛམ་གླིང་ཞི་བདེར་བསྐྲུན་།
    གུང་ཁྲན་ཀླ་ཀློ་འཛམ་གླིང་དཀྲུགས་ནས་སྡོད་།