ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༥)

ལས་ཀྱི་འཛོམས་པ། (༥)

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གཉིས་ཀྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།

རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་གནང་བའི་དཔེ་དེབ་<<ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་།>>ཞེས་པའི་དེབ་ཀྱི་ལེའུ་དང་པོ་<ལས་ཀྱི་འཛོམས་པ།>ཞེས་པ་ ༢༠༡༧།༥།༢༥ ཉིནདྲ་ལམ་དུ་སྤེལ་ཡོད་པ་བོད་སྒྱུར་བྱས་ཡོད།

བསམ་གཞིག་གི་ཚོད་ལྟ་དང་། ཚན་རིག་གི་ཐབས་ལམ།

ཀ: དེས་ཐབས་ལམ་ཅི་ཞིག་སྟོན་གྱི་ཡོད་དམ།

ཁ: ཏ་ཝེ་ཊི-བྷོམ་ནི་གཞུང་ལུགས་སྨྲ་བའི་དངོས་ཁམས་སྨྲ་བ་ཞིག་ཡིན། གཞུང་ལུགས་དངོས་ཁམས་སྨྲ་བ་རྣམས་ཀྱི་ལས་དོན་ནི། ལྐོག་གྱུར་རང་བཞིན་ལྡན་པའི་གཏན་ཚིགས་ཀྱི་རིམ་པ་ཞིག་དང་། ཡང་ན། ཚོད་དཔག་དང་། ཚོད་དཔག་གི་རྨང་གཞིའི་སྟེང་ནས་སྡོམ་ཚིག་འགོད་པར་བྱེད་པ་དེ་ཡིན། ཡིན་ན་ཡང་། དེང་གི་གཞུང་ལུགས་དངོས་ཁམས་སྨྲ་བ་རྣམས་ཀྱིས་གཏན་ཚིགས་དང་ལྡན་པའི་སྒོ་ནས་སྡོམ་ཚིག་འགོད་པའི་སླད་དུ། ཧ་ཅང་རྙོག་འཛིང་ལྡན་པའི་གྲངས་ཀྱི་རྣམ་གཞག་བཀོལ་གྱི་ཡོད་མོད། འོན་ཀྱང་། མགོ་རྩོམ་སའི་ཚོད་དཔག་གི་རྣམ་པ་ནི་རྙོག་འཛིང་དང་བྲལ་བ་ཞིག་ཡིན། དེ་འདྲའི་བསམ་གཞིག་བྱེད་སྟངས་ལ་བརྟེན་ནས་བྱུང་བའི་བསམ་བློའི་སྟེང་གི་ཚོད་ལྟ་ནི། གཞུང་ལུགས་དངོས་ཁམས་སྨྲ་བ་དང་ལག་ལེན་དངོས་ཁམས་སྨྲ་བའི་ལས་གཞིའི་མི་འདྲ་ས་དེ་ཡིན། ཨན་སི་ཐན་གྱི་ལྟོས་གྲུབ་རྣམ་གཞག་ཀྱང་། ཚོད་དཔག་དང་བསམ་བློའི་སྟེང་གི་ཚོད་ལྟར་བརྟེན་ནས་བྱུང་བའི་སྡོམ་ཚིག་ཅིག་ཡིན།

ཏཱ་ལའི་བླ་མས་བསམ་གཞིག་གི་ཚོད་ལྟ་དེ་དང་། ནང་པའི་གཞུང་དུ་ཡོད་པའི་དཔྱད་སྒོམ་གཉིས་ལ་འདྲ་བའི་ཆ་ཞིག་ཡོད་པ་འཕྲལ་དུ་ཤེས། ནང་པས་གཞིའི་གནས་ལུགས་རྟོགས་པར་བྱེད་པའི་སྐབས་སུ། རང་ཉིད་ལ་སྦྱོང་བརྡར་སྤྲད་དེ། ཆོས་ཀུན་ལ་སེམས་ནས་བརྟག་ཅིང་དཔྱད་ཀྱི་ཡོད།

ཀ: བསམ་བློའི་སྟེང་གི་ཚོད་ལྟའི་དཔེ་མཚོན་ཞིག་ཡོད་དམ།

ཁ: ཚན་རིག་ལོ་རྒྱུས་སྟེང་དུ་མིང་དུ་གྲགས་པའི་བྱུང་བ་ཞིག་ཡོད་ནི། ལྕི་ཡང་ཅན་གྱི་སྤོ་ལོ་གཉིས་མཐོ་ས་ནས་དུས་གཅིག་ཏུ་སར་གཡུགས་པ་ན། སྤོ་ལོ་དེ་གཉིས་དུས་གཅིག་ཏུ་སར་ལྷུང་བའི(Galileo)གྷ་ལེ་ལིའི་གསར་རྙེད་དེ་ཡིན། བཤད་རྒྱུན་ལྟར་ན། ཚོད་ལྟ་དེ་ནི་གྷ་ལེ་ལི་ཡིས་པེ་ས་མཆོད་རྟེན་གསེག་མ(The leaning Tower of Pisa)འི་སྟེང་ནས་ཚོད་ལྟ་བྱས་ཏེ་སྡོམ་ཚིག་བཞག་པ་ཞིག་ཡིན་པར་བརྗོད། ཚན་རིག་ལོ་རྒྱུས་སྨྲ་བ་ཆེད་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་འབྲས་སུ། ཚོད་ལྟ་དེ་ནི། གྷ་ལེ་ལི་དངོས་སུ་པེ་ས་མཆོད་རྟེན་གསེག་མའི་སྟེང་དུ་སོང་སྟེ་ཚོད་ལྟ་བྱས་པ་ཞིག་མིན་ཞིང་། དེ་ནི་བསམ་བློའི་སྟེང་གི་ཚོད་ལྟར་བརྟེན་ནས་སྡོམ་ཚིག་བཞག་པ་ཞིག་ཡིན་པར་འདོད།

ཀ: ཁོས་ཅི་ལྟར་སྡོམ་ཚིག་བཀོད་པ་ཡིན་ནམ།

ཁ: སྐབས་དེར། མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་ཉམས་མྱོང་ལས་བྱུང་བའི་སྡོམ་ཚིག་ཅིག་ནི། སྤོ་ལོ་ལྕི་མོ་དེ་ནི་སྤོ་ལོ་ཡང་མོ་དེ་ལས་མགྱོགས་པོར་སར་ལྷུང་བར་འདོད་པ་དེ་ཡིན། སྤོ་ལོ་གཅིག་ནི་ལྕི་ཞིང་། སྤོ་ལོ་གཅིག་ནི་ཡང་བས། མི་རྣམས་ཀྱིས་དེ་ལྟར་འདོད་ཀྱི་ཡོད། སྐབས་དེར། མི་རྣམས་ཀྱིས་ལྕི་ཡང་གི་ཁྱད་པར་ཧ་ཅང་ཆེ་བའི་དངོས་པ་གཉིས་དུས་གཅིག་ཏུ་སར་ལྷུང་བ་མི་ཤེས་ཤིང་། དེ་གཉིས་དུས་གཅིག་ཏུ་སར་ལྷུང་བ་ནི། མཁའ་དབུགས་ཀྱི་འགོག་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཡང་མི་ཤེས། དེར་བརྟེན། མི་རྣམས་ཀྱིས་སྤོ་ལོ་ལྕི་མོ་དེ་མགྱོགས་པོར་སར་ལྷུང་བར་འདོད་པ་ནི་མངོན་གསལ་ཡིན། ལྟ་ཚུལ་དེ་དགག་པའི་བསམ་བློའི་སྟེང་གི་ཚོད་ལྟ་གཅིག་ནི། དཔེར་ན། སྤོ་ལོ་ལྕི་མོ་དང་། སྤོ་ལོ་ཡང་མོ་གཉིས་ཐག་པ་གཅིག་གི་སྟེང་དུ་སྦྲེལ་པ་ཡིན་ན། མཇུག་འབྲས་ཅི་ཞིག་འབྱུང་ངམ། གལ་ཏེ། སྤོ་ལོ་ཡང་མོ་དེ་སྤོ་ལོ་ལྕི་མོ་ལས་སར་ལྷུང་བ་དལ་ཚེ། དེས་སྤོ་ལོ་ལྕི་མོ་དེ་ཡར་འཐེན་ནས་དེའི་ལྷུང་ཚད་སྔར་ལས་དལ་བར་གཏོང་བ་དང་། མཇུག་འབྲས་ནི། ལྷན་དུ་སྦྲེལ་ཡོད་པའི་སྤོ་ལོ་དེ་གཉིས་སར་ལྷུང་བ་ནི་སྤོ་ལོ་ལྕི་མོ་གཅིག་ལས་དལ་དགོས་ཀྱི་ཡོད།

ཀ: རེད། དེ་འདྲ་ཞིག་ཡིན་དགོས་པ་འདྲ།

ཁ: ཡིན་ན་ཡང་། ཁྱོད་ཀྱིས་ད་དུང་བསམ་བློ་ཐོངས་དང་། སྤོ་ལོ་དེ་གཉིས་ཐག་པ་ཐུང་ཐུང་ཞིག་གིས་སྦྲེལ་ཡོད། གལ་ཏེ། ཐག་པར་རིང་ཐུང་གི་ཁྱད་པར་བྱས་ཏེ་སྤོ་ལོ་གཉིས་ལྷན་དུ་སྦྲེལ་མེད་ཚེ། ཕན་ཚུལ་དུ་ཤན་ཤུགས་མི་ཐེབས། འོན་ཀྱང་། སྤོ་ལོ་དེ་གཉིས་ནི་དངོས་པོ་ཧྲིལ་བོ་གཅིག་ཏུ་གྱུར་ཏེ། སྔོན་གྱི་སྤོ་ལོ་ལྕི་མོ་དེ་ལས་ཀྱང་ལྕི་བའི་དངོས་པོ་ཞིག་ཏུ་གྱུར་ཡོད། འོ་ན། ལྷན་དུ་སྦྲེལ་ཡོད་པའི་སྤོ་ལོ་དེ་གཉིས་ནི་སྤོ་ལོ་ལྕི་མོ་གཅིག་ལས་མགྱོགས་པོར་སར་ལྷུང་དགོས་པ་ཞིག་རེད།

ཀ: དེར་ཡང་རྒྱུ་མཚན་འདུག

ཁ: སྡོམ་ཚིག་དེ་གཉིས་ཀྱི་འགོ་རྩོམ་ས་ནི། སྔར་གྱི་སྤོ་ལོ་ལྕི་མོ་དེ་སྤོ་ལོ་ཡང་མོ་དེ་ལས་མགྱོགས་པོར་སར་ལྷུང་གི་ཡོད་པ་དེ་རེད། སྡོམ་ཚིག་འགོད་པའི་གོ་རིམ་ལ་གནད་དོན་མེད། ཡིན་ན་ཡང་། སྡོམ་ཚིག་ནི་ཐ་དད་ཡིན། སྡོམ་ཚིག་འགོད་པའི་གོ་རིམ་ལ་གནད་དོན་མེད་པ་ཡིན་ན། སྡོམ་ཚིག་གི་སྔོན་འགྲོའི་ཆ་རྐྱེན་ཏེ། སྤོ་ལོ་ལྕི་མོ་དེ་སྤོ་ལོ་ཡང་མོ་དེ་ལས་མགྱོགས་པོར་སར་ལྷུང་། ཞེས་པ་དེ་ནོར་བ་རེད།

ཀ: དེ་ན། མི་ཞིག་གིས་དངོས་སུ་ཚོད་ལྟ་དེ་བསྒྲུབས་ཡོད་དམ།

ཁ: དོན་དངོས་སུ། ཚོད་ལྟ་འདི་བྱེད་པར་མཁའ་དབུགས་ཀྱི་འགོག་རྐྱེན་མེད་པར་བཟོ་དགོས། ཡང་ན། བསམ་བློའི་སྟེང་ནས། མཁའ་དབུགས་མེད་པའི་སྟོང་སངས་ཤིག་ནས་ཚོད་ལྟ་བྱེད་པའི་འཆར་སྣང་འགོད་དགོས། སྔོན་ཆད་དེ་ལྟར་སྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་མིན། ལོ་རྒྱུས་ཀྱི་ཟིན་ཐོའི་ཁྲོད་དུ་ཡང་། ཚོད་ལྟ་དེ་བྱེད་པར་དབུགས་མེད་པའི་སྟོང་སངས་ཀྱི་ཆ་རྐྱེན་འཛོམས་པ་ཞིག་ཧ་ལམ་བྱུང་མེད། ཕྱིས་སུ་ཚོད་ལྟ་དེ་བྱེད་ཐུབ་ཡོད། ཡིན་ན་ཡང་། མི་དམངས་དཀྱིས་མ་རྣམས་ཀྱིས་བསམ་བློའི་སྟེང་གི་ཚོད་ལྟ་དེའི་སྡོམ་ཚིག་ཁས་བླངས་ཡོད། བཤད་རྒྱུན་ལ། ཨ་རིའི་མཁའ་སྐྱོད་པ་ཟླ་བའི་སྟེང་དུ་སོང་སྟེ། ཟླ་བའི་སྟེང་གི་མཁའ་དབུགས་མེད་པའི་སྟོང་སངས་ཀྱི་ཆ་རྐྱེན་དེའི་འོག་ནས། ཚོད་ལྟ་དེ་བྱས་ཡོད་སྐད། དེ་ཡང་། བྱ་སྒྲོ་གཅིག་དང་ལྕགས་རྡོ་གཅིག་མཐོ་ས་ནས་དུས་གཅིག་ཏུ་ཟླ་བའི་ངོས་སུ་ལྷུང་ཡོད། ང་རང་གི་བསམ་པ་ལ། ཚོད་ལྟ་འདི་ཟླ་བའི་སྟེང་ནས་བྱེད་པར་གྲ་སྒྲིག་ཆ་ཚང་ཡོད་པར་འདོད། རྒྱུ་མཚན་ནི། ཚན་རིག་པ་རྣམས་ཀྱིས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་མཇུག་འབྲས་དེ་སྡོན་ནས་དཔག་ཡོད།

ཀ: ཚན་རིག་པ་རྣམས་དང་། ཁྱད་པར་དུ་གཞུང་ལུགས་སྨྲ་བའི་དངོས་ཁམས་ཚན་རིག་པས་བསམ་བློའི་སྟེང་གི་ཚོད་ལྟའི་ཐབས་ལམ་འདི་སྤྱད་དེ། ཚན་རིག་གི་གསར་རྙེད་རྣམས་རེག་གི་ཡོད། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན། སྔོན་ཆད། ང་ཚོས་སློབ་གྲྭ་ནས་སྦྱངས་པའི་ལྟ་ཚུལ་རྣམས་དང་། ཡང་ན། ཚན་རིག་གི་གསར་རྙེད་ནི། ལག་ལེན་ནས་གཞུང་ལུགས་དང་། དེ་ནས་བསྐྱར་དུ་ལག་ལེན་གྱི་ཕྱོགས་སུ་འགྲོ་བའི་བཤད་ཚུལ་དེ་ནི། དོན་དངོས་སུ་ཧ་ཅང་བདེན་པ་ཞིག་མ་རེད། ལག་ལེན་དང་། ཚོད་ལྟ། བསམ་གཞིག རྗེས་དཔག་བཅས་ནི་གལ་ཆེ་ཆུང་གི་ཁྱད་པར་ཞིག་མི་འདུག བསམ་གཞིག་དང་རྗེས་དཔག་ནི། ལག་ལེན་དང་ཉམས་མྱོང་དང་འདྲ་བར་གལ་ཆེ་ཞིང་། མཚམས་རེར་ཉམས་མྱོང་གིས་དཔག་མི་ཐུབ་པ་རྣམས་ནི། བསམ་གཞིག་དང་རྗེས་དཔག་ལ་བརྟེན་ནས་དཔག་ཐུབ་ཀྱི་ཡོད།

ཁ: རེད། ཨན་སི་ཐན་ནི་དཔེ་མཚོན་ཞིག་རེད། ཁོ་རང་གིས་ཤོག་བུ་དང་སྨྱུག་གུར་བརྟེན་ནས། བསམ་བློའི་སྟེང་གི་ཚོད་ལྟ་དང་། ཚོད་དཔག་གི་བྱེད་ཐབས་སྤྱད་པའི་སྒོ་ནས་ལྟོས་གྲུབ་རྣམ་གཞག་བརྩམས། ཕྱིས་སུ་ལག་ལེན་དངོས་ཁམས་སྨྲ་བ་རྣམས་ཀྱིས་ཁོ་རང་གི་སྡོམ་ཚིག་དེ་གཞིར་བྱས་ནས། ཚོད་ལྟ་དང་ཞིབ་འཇུག་བྱས་མཐར། ཁོ་རང་གི་སྡོམ་ཚིག་དེ་ནི་ཡང་དག་པ་ཞིག་ཡིན་པར་ཁུངས་སྐྱེལ་ཡོད།

ཏ་ཝེ་ཊི-བྷོམ་ནི། ཨན་སི་ཐན་དང་འདྲ་བར་གཞུང་ལུགས་དངོས་ཁམས་སྨྲ་བ་ཞིག་ཡིན། ཁོ་ནི་ཤར་ཕྱོགས་པའི་ལྟ་གྲུབ་ཐད་ལ་སྤྲོ་བ་ཆེན་པོ་ཡོད། ཁོས་རྒྱ་གར་གྱི་བསམ་བློ་སྨྲ་བ་རྗེ། ཀི་ཤུར་ན་མུར་ཏི(Jidu Krishnamuti)སློབ་དཔོན་དུ་བསྟེན་ཏེ། རྒྱ་གར་གྱི་གནའ་བའི་ལྟ་གྲུབ་སྐོར་ལ་སློབ་གཉེར་གནང་། ཏ་ཝེ་ཊི-བྷོམ་དང་ཏཱ་ལའི་བླ་མ་རྣམ་གཉིས་ཐེངས་མང་པོར་བགྲོ་གླེང་གནང་སྟེ། ཕྱིའི་ཚན་རིག་གི་ཐབས་ལམ་དང་། འཇོག་སྒོམ་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཡོད་མེད་ཀྱི་སྐོར་ལ་བགྲོ་གླེང་གནང་།

ཀ: དེང་གི་ཚན་རིག་གི་དངོས་བདེན་མྱོང་བའི་ཐབས་དང་། ཤར་ཕྱོགས་ལུགས་ཀྱི་འཇོག་སྒོམ་གཉིས་ཀྱི་བར་ན་འདྲ་བའི་ཆ་ཡོད་དམ།

ཁ: དེང་གི་ཚན་རིག་པ་རྣམས་ཀྱིས་དངོས་བདེན་དང་མྱོང་བ་གཙུགས་ཆེན་དུ་འཛིན། ཚན་རིག་གི་སྡོམ་ཚིག་ནི། ལྟ་ཞིབ་ལ་བརྟེན་ནས་བྱུང་བ་ཞིག་དང་། མྱོང་བར་བརྟེན་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་ཡིན།

ཀ: མྱོང་བར་བརྟེན་ནས་ཁུངས་སྐྱེལ་བ་ནི། ནང་པས་ཀྱང་གཙུགས་ཆེན་དུ་འཛིན་གྱི་ཡོད། འོན་ཀྱང་། ནང་པས་བཞག་པའི་མྱོང་བའི་མཚན་ཉིད་ནི། དེང་གི་ཚན་རིག་གི་ཚོད་ལྟ་དང་ལྟ་ཞིབ་ལས་ཀྱང་རྒྱ་ཆེ། ནང་ཆོས་ལ་མཚོན་ནས་བཤད་ན། བསམ་བློའི་སྟེང་གི་ཚོད་ལྟའམ། དཔྱད་སྒོམ་གྱི་བྱེད་ཐབས་འདི་ནི། དངོས་ཡོད་གནས་ལུགས་གསར་རྟོགས་དང་ཤེས་རྟོགས་བྱེད་པའི་ཐད་ལ་སྤྱོད་ཀྱི་ཡོད་པར་མ་ཟད། སྒོམ་དུ་ཞུགས་ཡོད་པའི་སྐབས་ཀྱི་སྒོམ་གྱི་རྣམ་པ་དེ་རྟོགས་པར་ཡང་སྤྱོད་ཀྱི་ཡོད། ནང་པས་སེམས་ནི་བློ་སྦྱོང་ལ་བརྟེན་ནས་ཡར་རྒྱས་སུ་འགྲོ་བར་འདོད། ཡིན་ན་ཡང་། ཏ་ཝེ་ཊི-བྷོམ་གྱིས་ལྟ་ཚུལ་དེར་གོ་བ་ལོན་གྱི་ཡོད་དམ།

ཁ: གོ་བ་ལོན་ཐུབ་ཡོད་པར་མ་ཟད། མོས་མཐུན་ཡང་བྱེད་ཀྱི་ཡོད། ཏ་ཝེ་ཊི-བྷོམ་ནི་ཚན་རིག་པ་གཞན་དང་མི་མཚུངས་པ་ཞིག་ཡིན། ཁོ་ནི་བསམ་བློ་གུ་ཡངས་ཅན་གྱི་ཚན་རིག་པ་ཞིག་ཡིན་པར་མ་ཟད། ཁོས་དངོས་ཁམས་ལས་རིག་ཕྱི་རོལ་གྱི་གནས་ཚུལ་རྣམས་ཀྱང་ཤེས་འདོད་ཡོད་ཅིང་། དེའི་ཁྱབ་ཁོངས་བརྒལ་བའི་ཤེས་བྱ་རྣམས་ཀྱང་དང་ལེན་བྱེད་འདོད་ཡོད། དེར་བརྟེན། ཁོ་རང་གིས་དུས་ཚོད་མང་པོ་ཞིག་སྤྱད་དེ། ཏཱ་ལའི་བླ་མར་དེང་གི་དངོས་ཁམས་རིག་པ་དང་། དངོས་ཁམས་ཚན་རིག་གི་བྱེད་ཐབས་རྣམས་ངོ་སྤྲོད་བྱས་པ་དང་ལྷན། ཏཱ་ལའི་བླ་མས་ནང་ཆོས་ངོ་སྤྲོད་གནང་བ་རྣམས་ལ་ཡང་གསན་ཏེ། ཤར་ཕྱོགས་ལྟ་གྲུབ་ཀྱི་ཁྲོད་ན་ཡོད་པའི་མིའི་བློ་སྒོ་འབྱེད་ཐུབ་པའི་ཤེས་རབ་དེ་བཙལ་ཡོད།

སྒྱུར་བ་པོའི་གསལ་བཤད།

ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས།>> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། ཏིན་ཡི་ཧྥུ་ཡིས་ཀྱང་བོད་དོན་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་ཡོད།།

ཚན་པ་བཞི་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༤)

ཚན་པ་གསུམ་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༣)

ཚན་པ་གཉིས་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༢)

ཚན་པ་དང་པོ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༡)

མ་རྩོམ་གྱི་འབྲེལ་ཐག http://www.chinesepen.org/blog/archives/69031

 

བསྐྱར་བཅོས།: ༢༠༡༧/༠༧/༢༧

Leave a Reply

2 thoughts on “ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༥)

  1. གཞུང་པ་ཚེ་དབང་བསོད་ནམས་

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    ཆབ་སྲིད་རིག་པས་ཆབ་སྲིད་མ་རྟོགས་ནས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་རིགས་དམངས་གཙོ་དོན་གཉེར་ཟེར་བ་ནས་གྲལ་རིམ་འཐབ་རྩོད་ལས་མང་གཙོ་འཐབ་རྩོད་པ་ཡིན་པའི་ངོས་འཛིན་ཞུ་ཐུབ་མ་སོང་།