༧གོང་ས་མཆོག་ལྷོ་ཨ་ཧྥེ་རི་ཁའི་ནང་ཕེབས་གཏན་འཁེལ།

༧གོང་ས་མཆོག་འཆར་ཟླའི་ཕྱི་ཚེས་ ༡༧ ནས་ ༡༩ བར་ལྷོ་ཨ་ཧྥེ་རི་ཁའི་ནང་འཚོགས་གཏན་འཁེལ་བའི་སེམས་ཀྱི་རྣམ་གཞག་དང་ཚན་རིག འགྲོ་བ་མིའི་རང་བཞིན་སྐོར་གྱི་བགྲོ་གླེང་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༧ ནས་ཉིན་གྲངས་གསུམ་རིང་ལྷོ་ཨ་ཧྤེ་རུ་ཁའི་བྷོ་སི་ཝ་ནཱ་(Botswana)ཡི་རྒྱལ་ས་གྷ་བྷོ་རོན་(Gaborone)དུ་ཡོད་པའི་བྷོ་སི་ཝཱ་ནཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། སེམས་དང་སྲོག་གི་ལྟེ་གནས་ཁང་གི་གོ་སྒྲིག་འོག་སེམས་ཀྱི་རྣམ་གཞག་དང་ཚན་རིག འགྲོ་བ་མིའི་རང་བཞིན་(Spirituality,Science and Humanity)བཅས་ཀྱི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་འཚོགས་གཏན་འཁེལ་ཡོད་ཡིན་པ་དང་། ༧གོང་ས་མཆོག་བགྲོ་གླེང་དེའི་ཚོགས་མགོན་དུ་གདན་འདྲེན་ཞུས་པ་ལྟར་ལྷོ་ཨ་ཧྥ་ེ་རི་ཁ་གཞུང་གིས་རྒྱལ་ཕྱིའི་གནད་ཡོད་མི་སྣའི་མཚན་ཐོག་ནས་ཐོངས་མཆན་ཕུལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བྷོ་སི་ཝཱ་ནཱའི་སྲིད་འཛིན་ལན་ཁཱ་མཱ་མཆོག་གིས། འདི་ལོའི་ཕྱི་ཟླ་ ༨ པའི་ནང་༧གོང་ས་མཆོག་ཡུལ་དེའི་ནང་ཕེབས་སྐབས་ཁོང་གིས་མཇལ་འཕྲད་ཞུ་རྒྱུ་ཡིན་ལུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་གནད་དོན་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་ཀྱི་མེད་ནའང་། རྒྱ་ནག་གཞུང་གི་ནང་སྲིད་གནད་དོན་ལ་རྒྱལ་ཁབ་གཞན་གྱིས་ཐེ་གཏོགས་བྱས་ཚེ་བཟོད་སྒོམ་རྩ་བ་ནས་བྱ་རྒྱུ་མིན་ལ། གནད་དོན་དེའི་ཐོག་རྒྱ་ནག་གཞུང་གི་ལྟ་བ་ལངས་ཕྱོགས་འགྱུར་མེད་ཁ་གསལ་ཡིན་ཞེས་སྔར་ལྟར་རྒོལ་གཏམ་སྤེལ་ཡོད་པ་རེད།

ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། བྷོ་སི་ཝ་ནའི་ཕྱི་འབྲེལ་བློན་ཆེན་ཝན་སོན་མའེ་ཐའེ་(Pelonomi Venson-Moitoi)མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་བསྒྱུར་འདི་ནི་སྒེར་གཉེར་རང་ཡིན་ཡང་ཁོང་ལ་རྒྱལ་ཕྱིའི་གནད་ཡོད་མི་སྣའི་མཚན་ཐོག་ནས་ཐོངས་མཆན་ཕུལ་ཡོད་ལ། སྲིད་འཛིན་ལན་ཁཱ་མཱ་མཆོག་ནས་༧གོང་ས་མཆོག་ལ་ཆེ་མཐོང་གུས་བཀུར་ཞུ་རྒྱུ་དང་། གཞུང་སྒྲུབ་ཁང་ནས་རྒྱལ་ཕྱིའི་གནད་ཡོད་མི་སྣར་སྣེ་ལེན་གྱི་ཞབས་ཞུ་ཞུ་རྒྱུ་ཡིན་ལ། དེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་ཚུད་ཡོད་པ་རེད་ཅེས་གསུངས་འདུག

ཡང་གྲོས་ཚོགས་ཀྱི་དྲི་བ་དྲིས་ལན་ཞིག་གི་སྐབས་སུ་ཕྱི་འབྲེལ་བློན་ཆེན་མཆོག་གིས། རྒྱལ་ཁབ་གཞན་གྱི་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་ལ་ཐེ་བྱུས་མི་བྱེད་པ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྙིང་དོན་ཡིན་སྟབས། ང་ཚོའི་གནད་དོན་འདི་ཐག་གཅོད་བྱེད་པའི་བདག་དབང་ལ་རྒྱ་ནག་གཞུང་ནས་བརྩི་བཀུར་བྱེད་པའི་རེ་བ་ཡོད་ལ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་བསྒྱུར་འདིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པའི་རེ་བ་ཡོད་སྐོར་གསུངས་འདུག

བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་ནི་ལྷོ་ཨ་ཧྥེ་རི་ཁ་གླིང་གི་ཚོང་ལས་མ་རྐང་འཇོག་མཁན་གྱི་ལྕེ་མིག་ལྟ་བུ་ཞིག་དང་། ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་པ་དང་། དེ་བཞིན་བྷོ་སི་ཝཱ་ནཱ་ནང་རྒྱ་ནག་གཞུང་གིས་རྡོ་སོལ་གློག་འདོན་ཁང་གསར་འཛུགས་དང་། དྲ་ལམ་དང་ཟམ་པ། སློབ་གྲྭ་བཅས་གསར་རྒྱག་པར་རོགས་རམ་བྱས་དང་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༡༩༩༦ ལོར་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ཟུར་པ་ནེལ་སིན་མན་ཌཱ་ལ་དམ་པ་མཆོག་དང་༧གོང་ས་མཆོག་ལྷོ་ཨ་ཧྥེ་རི་ཁའི་ནང་ཆེས་ཐོག་མར་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཕྱི་ལོ་ ༢༠༠༩ དང་ ༢༠༡༡། ༢༠༡༢། ༢༠༡༤་སོགས་སུ་མི་སྒེར་དང་ཚོགས་པ་བཅས་ནས་༧གོང་ས་མཆོག་ཡུལ་དེའི་ནང་གདན་འདྲེན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥེ་རི་ཁ་གཞུང་ནས་ཐོངས་མཆན་ཕུལ་མེད་སྟབས། ཨ་ཧྥེ་རི་ཁའི་ཆོས་དཔོན་ཌེ་སི་མིན་ཀྲུ་ཀྲུ་མཆོག་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེངས་མྱོང་མཁན་མང་པོས་སྔ་རྗེས་སུ་ཨ་ཧྥེ་རི་ཁ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༨

Leave a Reply