རྒྱ་ནག་གི་བྱ་ཕྲུག་གསར་པ།

དེ་རིང་གི་རྒྱ་གར་ཞེས་པའི་དུས་དེབ་མདུན་ཤོག་སྟེང་བོད་དང་ཐེ་ཝན་བཅད་ཡོད་པའི་རྒྱ་ནག་གི་ས་ཁྲ་ཞིག་འཁོད་ཡོད་པར་རྒྱ་ནག་གི་དྲ་དམངས་ཚོས་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་དུས་དེབ་གྲགས་ཆེན་༼ དེ་རིང་གི་རྒྱ་གར༽ ཞེས་པའི་ཕྱི་ཟླ་བདུན་པའི་འདོན་ཐེངས་ཀྱི་མདུན་ཤོག་སྟེང་། རྒྱ་ནག་གི་ས་ཁྲ་ཞིག་བཀོད་ཡོད་པའི་སྟེང་བོད་དང་ཐེ་ཝན་གཉིས་བཅད་ཡོད་པ་མ་ཟད། བྱ་ཕོའི་དབྱིབས་ཀྱི་རྒྱ་ནག་གི་ས་ཁྲ་དེའི་ཟུར་དུ་པ་ཀི་སི་ཐན་བཞག་སྟེ་ “རྒྱ་ནག་གི་བྱ་ཕྲུག་གསར་བ” ཞེས་བཀོད་ཡོད་པ་རེད།

གནས་ཚུལ་དེར་རྒྱ་ནག་གི་དྲ་ལམ་ཁག་ཏུ་གླེང་སློང་དང་ཁ་རྡུང་ཤུགས་ཆེན་ཡོང་གི་ཡོད་པ་དང་། ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་ཛ་དྲག་གི་སྐབས་འདིར་དུས་དེབ་དེས་རྒྱ་ནག་མི་མང་ལ་བསྐྱར་དུ་རྒྱལ་ཞེན་གྱི་མེ་ཁ་གསོས་ཡོད་སྐོར་རྗོད་བཞིན་ཡོད་འདུག རྒྱ་ནག་གི་དྲ་དམངས་ཚོའི་གླེང་གཞི་གཙོ་བོ་རྒྱ་ནག་གི་ས་ཁྲའི་སྟེང་བོད་དང་ཐེ་ཝན་བཅད་ཡོད་པ་དེ་ཡིན་འདུག

ཧྲང་ཧེ་ནས་ཡིན་པའི་དྲ་དམངས་ཤིག་གིས་ “ཁྱེད་ཚོའི་དུས་དེབ་ངན་པ་དེ་ཀློག་མཁན་གཅིག་ཀྱང་ཡོད་པ་མ་རེད།” ཅེས་བརྗོད་ཡོད་པ་དང་། གཞན་ཞིག་གིས་ “བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་གར་གྱིས་བྱ་སྤྱོད་ཆུང་ཆུང་ཞིག་གིས་གནད་དོན་དེར་འགྱུར་བ་གཏོང་ཐུབ་པ་མ་རེད།” ཅེས་བརྗོད་ཡོད་པ་རེད། རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་གྱི་མི་ཞིག་གིས་ “རྒྱ་གར་དེ་དུས་ནམ་ཡང་སྲ་བརྟན་གྱི་རྒྱལ་ཁབ་ཅིག་ཆགས་ཐབས་ཡོད་མ་རེད། རྒྱུ་མཚན་ནི་རྒྱལ་ཁབ་དེའི་མི་མང་ཚོས་ཧ་ཅང་ནར་མ་སོན་པའི་ལས་ཀ་རྐྱང་བྱེད་པ་རེད།” ཅེས་བརྗོད་ཡོད་འདུག

གནད་དོན་དེའི་ཐད་ལ་གསར་འགོད་པ་ཞིག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་དྲི་བ་བཏོན་པར། ཁོས་ “ཁྱེད་ཀྱིས་གནད་དོན་དེ་འདྲའི་ཆུང་ཆུང་ཞིག་ཛ་དྲག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དམ། དྲི་བ་རྗེས་མ་གཏོང་རོགས།” ཞེས་དྲི་བ་དེར་ལན་འདེབས་བྱས་མི་འདུག ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་བདེ་འཇགས་སློབ་སྟོན་དྲུང་ཆེ་རྒྱ་ནག་པེ་ཅིན་དུ་བསྐྱོད་ཡོད་པ་དང་། ཐེངས་འདིར་རྒྱ་དཀར་ནག་གི་སྐུ་ཚབ་ཚོས་ཚོགས་འདུ་ཞིག་ཚོགས་ཏེ་ས་མཚམས་སུ་དམག་གི་ཁ་གཏད་གཅོག་རེ་བྱེད་བཞིན་པའི་གནད་དོན་སེལ་རྒྱུར་རེ་བ་རྒྱག་གི་ཡོད་འདུག

རྒྱ་གར་གྱི་དེ་རིང་ཞེས་པའི་དུས་དེབ་མདུན་ངོས་ཀྱི་རི་མོ་དེར་ཆབ་སྲིད་ཚོར་ཤུགས་སྐྱེན་པའི་འགྲེལ་བཤད་གང་ཡང་མེད་ཀྱང་། དུས་དེབ་ཕྱི་ལ་བཏོན་པའི་ཉིན་དེར་ཁོ་ཚོའི་དྲ་ངོས་སུ་ “དུས་དེབ་ངོས་ཀྱི་པར་དང་འདྲ་གཟུགས་ཀྱི་གསར་གཏོད་རང་བཞིན་དེས་ཀློག་པ་པོ་ཚོར་འདོད་བློ་མི་ཚིམ་པ་གཏན་ནས་འབྱུང་མི་སྲིད།” ཅེས་བྲིས་ཡོད་འདུག ཛ་དྲག་གི་གནས་སྟངས་འོག་ཡོད་པའི་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ད་ལྟའི་གནས་བབ་དེ་ “ཆེས་སྡུག་ཤོས་ཀྱི་ལོ་ངོ་༣༠”ཞེས་འགྲེལ་བཤད་རྒྱག་གི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༢༨

Leave a Reply

3 thoughts on “རྒྱ་ནག་གི་བྱ་ཕྲུག་གསར་པ།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    དེ་དག་གཅོད་ན། ཕར་ཕྱོགས་ནས་རྒྱ་ནག་གི་་་ ཀཱཤ་མིར་དང་། ཧི་མ་ལ་ཡའི་རི་རྒྱུད་གཅོད་ཡོང་གིས་རེད་དོ།

  2. རྒྱ་ནག་གི་ས་ཁྲ་ངོ་མ་ཞིག་འབྲི་ན། བོད་ཧྲིལ་བོ་གཅོད་དགོས་པའི་མི་ཚད། སོག་པོ་དང་ཡུ་གུར་ཡང་གཅོད་དགོས་པ་རེད།

  3. སྒྲོལ་མ་ཚེ་རིང་།

    ས་ཁྲ་འབྲི་མཁན་དེར་བློ་ཁོག་ཏོག་ཙམ་འདང་མི་འདུག རྒྱ་ནག་གི་ས་ཁྲ་ལས་བོད་རང་སྐྱོང་ལྗོངས་གཅིག་པོ་བཅད་པ་ལས། བོད་ཆོལ་ཁ་གསུམ་གཅོད་ཐུབ་མི་འདུག