བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་།

བྱང་ཀོ་རི་ཡས་ཨ་རིར་ཉེན་བརྡ་གཏོང་ཆེད་སྔར་ལས་ཀྱང་ནུས་ཤུགས་ཆེ་བའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པ་དེ་ལེགས་འགྲུབ་བྱུང་འདུག

དེ་རིང་ཞོགས་པར་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་མགོ་ཁྲིད་ཀཱེམ་ཇོང་ཨུན་(Kim Jong-un)གྱིས་དེ་གའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཐེངས་འདིར་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའ་དེ་ཨ་རིའི་རྒྱལ་ཡོངས་ལ་སྙོབ་ཐུབ་པའི་ནུས་ཤུགས་ཡོད་ཅེས་བརྗོད་འདུག

བདུན་ཕྲག་གསུམ་གོང་ལ་བྱང་ཀོ་རི་ཡིས་གླིང་ཕྲན་གཅིག་ནས་གཅིག་ལ་བསླེབ་ཐུབ་པ་དང་། འགད་གཏོར་གྱི་ཤུགས་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་(ICBM)ཞེས་པ་ཐེངས་དང་པོར་ཚོད་ལྟ་བྱས་ཡོད་པ་དང་། ཐེངས་འདིའི་ཨེ་སི་བྷི་ཨེམ་མེ་ཤུགས་འཕུར་མདའ་དེ་ནི་ཐེངས་གཉིས་པ་ཆགས་ཡོད།

ཨ་རིའི་སྲིད་འཛིན་ཌོ་ནོལ་ཊི་རུམ་ཕི་(Donald Trump)ཡིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་སྐོར་ལ་བརྗོད་དོན། “བྱང་ཀོ་རི་ཡས་མཚམས་འཇོག་མེད་པར་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་དེ་ནི་བྱང་ཀོ་རི་ཡའི་དམག་མིར་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཆགས་ཡོད།”ཅེས་བརྗོད་ཡོད་པ་དང་། རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཏེ་འཛམ་གླིང་ཧྲིལ་བོར་འཇིགས་སྣང་དང་ཉེན་ཁ་བཟོ་བཞིན་ཡོད་པ་དེ་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་གཞུང་གིས། ཐེངས་འདིར་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའ་དེ་བར་སྣང་དུ་སྐར་མ་ ༤༧ ནང་མཐོ་ཚད་སྤྱི་ལེ་ ༣༧༢༤ ཙམ་བར་བསྐྱོད་ཐུབ་ཅེས་བརྗོད་ཡོད་པ་མ་ཟད། དེ་སྔོན་གྱི་ཨེ་སི་བྷི་ཨེམ་མེ་ཤུགས་འཕུར་མདའ་ལ་ནུས་ཤུགས་འཕར་མ་བསྣན་ཏེ་ཚོད་ལྟ་བྱས་ཡོད་ཚུལ་བརྗོད་ཡོད།

བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལྷན་ཚོགས་ཀྱིས་བརྗོད་དོན། “མགོ་ཁྲིད་ཀྱིས་ད་རེབ་ཀྱི་མེ་ཤུགས་འཕུར་མདའ་དེར་ཨ་རིའི་རྒྱལ་ཡོངས་ལ་བསླེབ་ཐུབ་པའི་ནུས་པ་ཡོད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་གསུངས་སོང་།” ཞེས་དང་། དེའི་བཟོ་དབྱིབས་ནི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའ་ཧོ་ཝ་སཱོང་༡༤ (Hwasong-14) དང་འདྲ་བོ་ཡོད་ཅེས་སོགས་བརྗོད་འདུག

ཐེངས་འདིའི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དེས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའ་ལས་ཀྱང་རྒྱང་ཐག་རིང་བ་དང་སྣང་མཐོ་བར་བསྐྱོད་ཐུབ་ཀྱི་ཡོད་འདུག

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་མ་ཐག་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་རྒྱལ་ཁབ་གསུམ་གྱིས་མེ་ཤུགས་འཕུར་མདའ་དེའི་ཤུགས་ཚད་དང་རྒྱང་ཐག་སྐོར་ལ་ཞིབ་འཇུག་བྱས་ཡོད་ཀྱང་ད་སྔ་ཞིབ་འཇུག་གྲུབ་འབྲས་གསལ་བོ་འཐོན་མི་འདུག

ཞིབ་འཇུག་བྱས་པ་ལྟར་ན། བྱང་ཀོ་རི་ཡས་ད་རེས་སྔོན་ཆད་དང་མི་འདྲ་བར་དགོང་མོའི་ཆུ་ཚོད་ ༡༡།༡༡ ཐོག་ས་གནས་མཱུ་པོ་ཡོང་ནཱི་(Mupyong-ni)ཞེས་པ་ནས་ཚོད་ལྟ་བྱས་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་ཀཱུ་སཱོང་(Kusong)ཞེས་པར་ཚོད་ལྟ་བྱེད་སྲིད་པར་ཚོད་དཔག་བྱས་ཡོད་སྟབས། བྱང་ཀོ་རི་ཡའི་གཞུང་གིས་ཐེངས་འདིར་ཞིབ་འཇུག་བྱེད་མཁན་ཚོར་མགོ་ཉོག་བཟོས་པ་ཞིག་ཡིན་འདུག བྱང་ཀོ་རི་ཡས་ད་སྔ་དགོང་མོ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་མྱོང་མེད་པ་དང་། ཐེངས་འདིར་ཚོད་ལྟ་བྱེད་ཡུལ་ཡང་ས་ཆ་གསར་པ་ཞིག་ཆགས་ཡོད་འདུག

ཐེངས་འདིའི་མེ་ཤུགས་འཕུར་མདའ་དེ་ཉི་ཧོང་བྱང་ཕྱོགས་ཀྱི་རྒྱ་མཚོར་ལྷུང་ཡོད་པ་དང་། ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མིས་བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་པར་གྲ་སྒྲིག་ཡོད་པའི་རྣམ་འགྱུར་སྟོན་ཆེད་མེ་མདའ་རྒྱག་པའི་དམག་སྦྱོང་ཞིག་བྱས་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨཱ་བྷི་(Shinzo Abe)ཡིས་བྱང་ཀོ་རི་ཡའི་བྱ་སྤྱོད་དེ་འཇིགས་སྣང་ཅན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་ཡོང་ངེས་ཡིན་ཚུལ་བརྗོད་ཡོད་པ་དང་། ལྷོ་ཀོ་རི་ཡིའི་སྲིད་འཛིན་མཱུན་ཇེ་ཨིན་(Moon Jae-in)ལགས་ཀྱང་མཚན་མོ་དེར་བདེ་འཇགས་ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཡོད་འདུག

ཞིབ་འཇུག་པ་ཚོས་བརྗོད་པ་ལྟར་ན། འཛམ་གླིང་ལ་རྡུལ་ཕྲན་མཚོན་ཆའི་དམག་དྲང་ཐུབ་པའི་ནུས་པ་བྱང་ཀོ་རི་ཡར་མེད་པ་མ་ཟད། ད་ལྟའི་མེ་ཤུགས་འཕུར་མདའི་ནུས་ཤུགས་ཀྱང་ཁོ་རང་ཚོ་རང་གིས་འགྲེལ་བཤད་བརྒྱབ་པ་ལྟ་བུ་ཞིག་ཡོད་མི་སྲིད་པ་དང་། གལ་སྲིད་ཨ་རིར་བསླེབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཞིག་བཟོ་སྐྲུན་བར་ད་དུང་ཉུང་མཐར་ལོ་ངོ་ ༥ ནས་ ༡༠ བར་འགོར་ངེས་ཡིན་ལུགས་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༧/༢༩

Leave a Reply

One thought on “བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་།

  1. ICBM ཟེར་ན་མེ་ཤུགས་འཕུར་མདའི་མིང་མ་རེད། མེ་ཤུགས་འཕུར་བྱེད་ལས་འགྲེལ་བརྗོད་རེད། དོན་དུ་གླིང་ཕྲན་ཕན་ཚུན་སྙོབ་ནུས་ལྡན་པར་གོ། Hwasongཟེར་ན་སྐབས་དེའི་མེ་ཤུགས་དེའི་མིང་རེད།