དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་དྷ་རམ་ས་ལའི་བར་སྐོར་ལམ་དུ་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་མ་བསླེབ་གོང་གི་བར་སྐོར་ལམ་གྱི་ཕ་བོང་ཆེན་པོ་ཞིག་གི་འགྲམ་དུ། བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཚར་ཡོད་པ་དང་། ད་ལྟ་ཡུལ་དངོས་སུ་ཡོད་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར། སྐུ་ལུས་མེར་བསྲེག་གནང་མཁན་དེའི་སྐུ་ཕུང་ཤིང་གསེབ་ཏུ་ཡོད་སྟབས་སྐུ་གཟུགས་ཆ་ཚང་ཞིག་མཐོང་མི་ཐུབ་ཀྱང་ཕལ་ཆེར་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་སྐུ་ལུས་མེར་བསྲེགས་གནང་སྐབས་བར་སྐོར་དུ་ཕེབས་མཁན་ཚོས་དངོས་སུ་མཐོང་ཡོད་སྐོར་བརྗོད་བྱུང་། གནས་ཚུལ་ཐོན་རིམ་བཞིན་འགོད་རྒྱུ་ཡིན།
གསར་འགོད་པ། པདྨ་མཚོ།