དེ་རིང་སྐུ་ལུས་མེར་སྲེག་གནང་མཁན་དེ་སུ་ཡིན་ངོ་རྟགས་ཆོད་མ་སོང་ཡང་སྐུ་ཕུང་རྒྱ་གར་སྨན་ཁང་དུ་ཉིན་གཉིས་རིང་བཞག་སྟེ་ངོ་རྟགས་ཆོད་མཁན་ཡོད་མེད་བལྟ་རྒྱུ་ཡིན་འདུག
དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་སྐུ་ལུས་མེར་སྲེག་གནང་མཁན་དེའི་སྐུ་ཕུང་སྨན་ཁང་དུ་འཁྱེར་སྐབས། བོད་མི་མང་པོ་ཡུལ་དངོས་སུ་བསླེབས་འདུག་ཀྱང། བོད་མི་དེ་སུ་ཡིན་མིན་སོགས་ངོ་རྟགས་ཆོད་མ་སོང་ལ། རྒྱ་གར་ཉེན་རྟོག་ཁང་དང་གསང་བ་ལས་ཁུངས་ཀྱི་མི་སྣས་ཞིབ་བཤེར་ཆེད་སྐུ་ཕུང་སྨན་ཁང་དུ་འཁུར་ཏེ་རྟག་དཔྱད་གནང་རྒྱུ་ཡིན་འདུག
གླིང་སྐོར་དུ་ཕེབས་མཁན་སྤོ་འགྱུར་མེད་ལགས་ཀྱིས། ཁོང་སྐོར་བར་འགྲོ་སྐབས་བོད་མི་དེས་(༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག)ཅེས་སྐད་འབོད་གནང་གིན་འགྲོ་བཞིན་ཡོད་པ་མཐོང་འདུག
དྷ་སའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་གསར་འགོད་པར། སྐུ་ལུས་མེར་སྲེག་གནང་མཁན་དེ་སུ་ཡིན་ངོ་རྟགས་ཆོད་མེད་ཀྱང་། ཁོང་གིས་སྐུ་ལུས་མེར་བསྲེགས་གནང་ས་དེར་རྒྱབ་ཁུག་ཅིག་བཞག་ཡོད་པ་དེའི་ནང་དུ་ཧིན་སྒོར་ ༨༠༠ དང་བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་ཡོད་པ་དེའི་ཐོག་ནས་ཕལ་ཆེར་བོད་མི་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་དང་། ས་གནས་མགོ་འཛིན་ལས་ཁུངས་ཀྱི་ངོས་ནས་ངོ་ཤེས་མཁན་ཡོད་མེད་བརྡ་ཁྱབ་སྤེལ་ཡོད་སྐོར་དང་། སྤྱིར་བཏང་རང་ལུས་མེར་བསྲེགས་གནང་བ་གསལ་པོ་ཡིན་ཡང་རྐྱེན་གཞན་པ་ཡོད་མེད་ཞིབ་འཇུག་བྱེད་ཆེད། ཉེན་རྟོག་པ་དང་གསང་བའི་མི་སྣས་ཕུང་པོར་རྟག་དཔྱད་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་ས་གནས་མགོ་འཛིན་ལས་ཁུངས་ནས་ཁྲིམས་ལྟར་ཕུང་པོ་རྩི་ལེན་གནང་སྟེ་ཞུགས་འབུལ་སོགས་ཀྱི་འདས་ཆོས་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།
དྷ་ས་ཉེན་རྟོག་ཁང་གི་སྤྱི་ཁྱབ་དཔོན་པོ་(Rajendra Kumar Jaisal)ལགས་ཀྱིས་གསར་འགོད་པར། ད་ལྟའི་ཆར་ཕུང་པོ་ངོ་རྟགས་ཆོད་མེད་སྟབས། ཉིན་གཉིས་རིང་ཕུང་པོ་སྨན་ཁང་དུ་བཞག་སྟེ་ངོ་རྟགས་ཆོད་མཁན་ཡོད་མེད་བལྟ་རྒྱུ་སྐོར་དང་། ཕུང་པོར་ཞིབ་བཤེར་དང་འབྲེལ་ཡོད་ལ་འདྲི་རྩད་བྱས་རྗེས་གནས་ཚུལ་གསལ་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་སོང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་པདྨ་མཚོ།