ཧི་མ་ལ་ཡའི་མཁས་པའི་རྒྱས་འཛོམས་ཆེན་མོ་དང་དེའི་གསང་བ།

ཨ་ཚོགས་མཁས་བཙུན།

ཧི་མ་ལ་ཡའི་རིག་མཛོད་ཁང་གི་བདག་རྐྱེན་གྱི་བོད་ཀྱི་རེ་བའི་འོད་སྣང་།

 ཉེ་དུས་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་དང་མཁན་པོ་ཚེ་རིང་བསམ་འགྲུབ་རྣམ་པ་གཉིས་ཀྱིས་མཐུན་རྐྱེན་བདག་རྐྱེན་གནང་འོག ཕྱི་ལོ་ ༢༠༡༧ ཟླ་༧ ཚེས་ ༨ ནས་ ༩ ཉིན་གཉིས་རིང་བོད་ཀྱི་མཁས་པའི་ལྷན་འཛོམས་གྲ་རྒྱས་པ་ཞིག རྒྱ་ནག་གྲོང་ཁྱེར་ཁྲིན་ཏུའུ་རུ་ཚོགས་པའི་གཏམ་སྙན་ཞིག་གོ་སོང་། དེ་ལ་སྙིང་ནས་དགའ་གུས་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། བརྒྱུད་ལམ་ཁག་ནས་ཐོན་གསལ་ལྟར་ན་བོད་ཆོལ་ག་གསུམ་གྱི་མཁས་པ་བརྒྱ་ཕྲག་གཅིག་ཙམ་འཛོམས་རབས་ཡོད། ངོ་སོ་བསྟོད། ཐུགས་རྗེ་ཆེ།

ཡིན་ནའང་ད་ལྟའི་བོད་ཀྱི་གནས་སྟངས་འདི་ལ་རྩ་བའི་ཆ་ནས་འགྱུར་བ་ཞིག་མ་ཐེབས་པ་ཡིན་ན། མཁས་པ་བརྒྱ་ཕྲག་ཙམ་མ་ཟད་མཁས་པའི་དབང་བོ་ཁྲི་ཕྲག་གཅིག་ཙམ་འཛོམས་ཀྱང་ཐག་ཆོད་པ་གང་ཡང་ཡོད་པ་མ་རེད། མཁན་སྤྲུལ་རྣམ་པ་གཉིས་ཀྱིས་ཀྱང་དེ་འདྲའི་གནས་སྟངས་དེ་དགོངས་ཡོད་ཡོད་པ་ལོས་ཡིན། དགོངས་བཞིན་དེ་འདྲའི་དཔའ་སྤོབས་ཆེར་བསྐྱེད་ཀྱི་མཛད་པ་འདིས། བོད་དང་བོད་ཀྱི་ཆོས་སྲིད་རིག་གནས་དང་། དེའི་བྱ་བཞག་ལ་འབད་འབུངས་ལྷོད་མེད་གནང་བཞིན་པའི་ཤེས་ཡོན་པའི་སྡེ་ལ། མཐོང་ཆེན་པོ་ཞིག་སྤྲད་པ་དང་། དེ་བརྒྱུད་དེ་སྤྱིར་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་བདག་པོ་ཞིག་ཡོད་འགྲོ་བསམ་པའི་བློ་སྤོབས་ཤུགས་ཆེན་ཞིག་སྦྱིན་ཡོད་ཅིང་། ཐེངས་འདིའི་ཚོགས་ཞུགས་པ་རྣམ་པར་ཡང་གུང་གསེང་སྤྲོ་སྐྱིད་ཀྱི་གོ་སྐབས་ཤིག་ཀྱང་ཐོབ་ནས་ལུས་སེམས་གཉིས་ལ་ཚོར་སྣང་སིམ་པོ་ཞིག་བྱུང་ཚོད་ཡིན།

རང་ཉིད་ནས་སྤྲུལ་སྐུ་ཚེ་རིང་རྡོ་རྗེ་དང་། མཁན་པོ་ཚེ་རིང་བསམ་འགྲུབ་རྣམ་པ་གཉིས་ཀྱི་ཞལ་འཚོ་བ་མེད་ཅིང་། ཆ་རྒྱུས་དེ་བས་ཀྱང་ག་ལ་ཡོད། ཚེ་རིང་རྡོ་རྗེ་ཞེས་པ་དང་། ཚེ་རིང་བསམ་འགྲུབ་ཅེས་པའི་མཚན་གོ་ཐོས་ཙམ་ལ། སྤྲུལ་སྐུ་དང་མཁན་པོ་ཞིག་གི་ཚོར་བ་མེད་པར་ཁྱིམ་ནག་རྒད་པོ་གཉིས་ཤིག་གི་སྒྲ་སྤྱི་ཞིག་འཆར་ཡོང་གི། འདི་གཅིག་ན་ཡུལ་ལུང་མ་འདྲ་བའི་མིང་འདོགས་ལུགས་ཀྱི་ཁྱད་ཞུགས་པས་ཀྱང་རེད། འོན་ཀྱང་། རྣམ་པ་གཉིས་ཀྱི་མཛད་འཕྲིན་དང་། ཐུགས་བསྐྱེད་དགོངས་བཞེད་ལ་གཞིག་ན་སྤྲུལ་སྐུ་འཁྲུལ་མེད་རང་གཅིག་དང་། མཁན་པོ་སྐྱེས་ཆེན་དམ་པ་ཞིག་གི་བཀའ་དྲིན་ཚོར་ཡོང་བས། ད་དུང་མུ་མཐུད་བོད་ཁ་བ་གངས་ཅན་པ་ཐུགས་ལ་གཟུང་རྒྱུ་དང་། སྐུ་ཚེ་ཡུན་གནས་ཀྱི་འཕྲོད་བསྟེན་དང་། མི་བསྲུན་བདུད་ཀྱི་ལས་ལ་གཟབ་གཟབ་ཡོང་བའི་རེ་སྐུལ་ཞུས་པ་ཡིན།

ཐེངས་འདིའི་རྒྱས་འཛོམས་ལ་སྐྱ་སེར་རིས་མེད་དང་། ཆོས་བརྒྱུད་རིས་མེད། ཡུལ་ལུང་ཆོལ་ཁ་རིས་མེད། གནའ་དེང་ལྟ་བ་རིས་མེད་བཅས་རིས་མེད་མཐུན་པ་སྤུན་བཞིའི་མཚོན་དོན་མ་བསྒྲིགས་རང་འགྲིག་གི་དཔེ་མཚོན་རང་བཞིན་གྱི་ཚོགས་འདུ་ཞིག་སྟེ། ཇི་འདྲའི་ཡི་གར་འབབ་ཞིང་བློ་ལ་འཐད་པ་ཞིག་རེད་ཨང་། འདི་ནི་ཨུ་ཚུགས་བརྒྱབ་སྟེ་ཆེད་དུ་སྐུལ་བ་མ་ཡིན་པ། ངང་ངམ་ཤུགས་ཀྱིས་འདུ་ཞིང་འཛོམས་པ་ཞིག་གི་མཐོང་སྣང་ཡོང་གི། རྣམ་པ་འདི་དང་འདི་འདྲ་དག་བོད་ཁམས་ཡོངས་སུ་ལོ་རེ་ནས་ལོ་རེར་གྲ་ཇེ་རྒྱས་ནས་ཇེ་ཡག་ཏུ་ཡོང་བཞིན་པ་ནི། བོད་རེ་བའི་ལུང་ཐག་ཉག་ཅིག་ཡོད་པ་དེ་ཡིན་ཞིང་། འདི་དང་འདི་འདྲ་བའི་ངོ་བོ་ནི་སུ་གང་གིས་ཀྱང་གླགས་མི་རྙེད་པའི་རྣོ་ལྕགས་ཀྱི་ཕ་བོང་རི་མགོ་འདྲ་བ་དེ་ཡང་ཡིན། བགྲོ་གླེང་ཐད་གཏོང་གི་བརྒྱུད་ལམ་འདྲ་བོ་ཞིག སྐད་འཕྲིན་ལམ་ནས་ལག་སོན་བྱུང་བས། གང་ཐུབ་ཅི་ནུས་ཀྱིས་བལྟས་ཤིང་ཉན་པ་ཡིན། ཡུལ་དངོས་བརྙན་པར་ལེན་བྱེད་ཁ་པར་ཞིག་ཡིན་པ་དང་། དཔར་བ་དང་གསུང་བཤད་པའི་ཁད་ཐག་ཀྱང་རིང་བོ་ཡོད་པ་ལ་བརྟེན་ཏེ་རྣམ་པ་ཚོའི་གསུང་བཤད་དང་། བགྲོ་གླེང་ཇི་བཞིན་ཐོས་བསམ་མ་ཐུབ་པར་བློ་ཕམ་བྱུང་། ད་དུང་གལ་གནད་ཅན་གྱི་མཁས་པའི་གསུང་བཤད་གནད་བསྡུས་དང་། རྩ་འཛིན་གྲོས་འཆར་ག་རེ་ཡིན་པ། མཐའ་སྡོམ་ཐག་གཅོད་གྲོས་འཆམ་ག་རེ་བཞག་ཡོད་སོགས་ཀྱི་མཐའ་སྡོམ་ཡིག་ཆ་ཞིག་ཀྱང་ཡོང་རེ་ལ། ད་ལྟ་ད་དུང་གང་ཡང་ཐོན་མ་བྱུང་ཡང་། རིང་མིན་ཡོང་ངེས་པའི་རེ་ལྟོས་དང་བཅས་ཏེ་ཡོད།

ཚོགས་ཆེན་འདིའི་ཉིན་གཉིས་པ་དེར་འཛམ་གླིང་དུ་སྐད་གྲགས་ཆོད་དེ། སྐད་འཕྲིན་སོགས་བརྒྱུད་ལམ་འདྲ་མིན་དང་། ཕྱི་ལོགས་ཀྱི་བོད་ཀྱི་གསར་འགྱུར་ཆེ་ཁག་ཏུའང་ཐོན་ཡོད། མཁས་དབང་བརྒྱ་ཕྲག་གཅིག་ལྷག་ཙམ་ལྷན་འཛོམས་བྱུང་ཞེས་བརྗོད་ཡོང་དུས། དད་པ་དང་སྤྲོ་བ་ལྷན་ཏུ་འཁོལ་བས་ལུས་ཀྱི་སྤུ་ཟིང་ཞིང་དགའ་བའི་མིག་ཆུ་འཁོར་ཡོང་བ་ཞིག་བྱུང་། ཡིན་ནའང་སྤྱི་ཚོགས་དྲྭ་ལམ་རེ་ཟུང་དང་། སྐད་འཕྲིན་དྲྭ་ཚོམས་མང་པོར། ཚོགས་འདུའི་ངོ་བོ་དང་དམིགས་ཡུལ་དགོས་དོན་སོགས་ལ་བརྩི་མེད་ཀྱིས། དེ་དང་མ་མཐུན་པ་ཞིག་འུར་ཟིང་ལངས་ཤིང་མཉམ་འུར་ཡོད་པ་ནི། ཨ་ལགས་དོར་ཞི་ཚང་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱིས་མཇལ་འཕྲད་ཕྱག་འཇུ་གནང་བ་དང་། མཇལ་འཕྲད་ཕྱག་འཇུའི་འདྲ་པར་དྲྭ་ལམ་ཡོངས་ལ་འཚང་ཁ་བརྒྱབ་པ་དེ་ཡིན། སྣང་ཚུལ་དེ་ནི་རྣམ་པ་གཉིས་བར་ལ་མི་ཤི་རྟ་འགྱེད་ལྟ་བུའི་གྱོད་གཞི་ཆེན་པོ་ཞིག་ལྷག་བསྡད་ཡོད་པ། ཐེངས་འདིའི་ཚོགས་འདུ་ནས་འགྲིག་འཇགས་ལམ་ལྷོང་བྱུང་བའི་རྒྱལ་ཁའི་དགའ་འབོད་བྱེད་པ་དང་འདྲ། ཡང་དེ་ནི་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཛོང་ཨན་གཉིས་མཇལ་འཕྲད་ལག་འཇུ་ཐུབ་སོང་བ་ལྟ་བུའི་ཚོར་བ་ཞིག་ཀྱང་སྟེར་ཡོང་། རང་རེས་འདི་དང་འདི་འདྲ་བ་དུས་རྒྱུན་གཙོ་ཕལ་དང་། འཕྲལ་ཕུགས་ཀྱི་རྣམ་དབྱེ་མི་འབྱེད་པར་དུང་ཞེན་ཁོ་ནས་བྱ་བྱེད་རྩོམ་པར་དགའ་ཞིང་། དེའི་རིགས་ནི་ཕུགས་མི་ཐུབ་པའི་ལས་ཀ་གཅིག་པུ་དེ་ཡིན།

རྣམ་པ་གཉིས་ལ་ནི་དེ་འདྲའི་ཚོར་བ་ཐུགས་ཀྱི་ཆ་ཕྲ་མོ་ཙམ་ལའང་ཡོད་མི་སྲིད་ཅིང་། དེ་ལ་མཁན་པོས་ནི་ཨ་ལགས་ཚང་ནུབ་བྱང་ཚང་གི་ཡིན་པ་དང་། བོད་རིག་པ་བ་བརྒྱ་ཕྲག་མང་པོ་བསྐྱེད་བསྲིངས་བྱས་པས་སྐུ་དྲིན་རེ་ཆེ་ཨང་སྙམ་པ་དང་། ད་ལྟ་སྐུ་བགྲེས་པོ་ཆགས་ཡོད་ཀྱང་ད་དུང་བསྟན་དོན་ལ་ཡུན་རིང་བཞུགས་རྒྱུ་རེ་བྱུང་ན་ཨང་སྙམ་པའམ། དེ་འདྲའི་གསུང་སྐུལ་ཡང་གནང་ཡོད་ཚོད་ཡིན། ཨ་ལགས་ཀྱིས་ནི་མཁན་པོ་ཚང་ནི་དགུང་ན་འདི་འདྲ་བ་གཞོན་གཞོན་གནས་སྐབས་ནས། རྒྱ་བོད་དབྱིན་གསུམ་གྱི་སྐད་དང་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་དང་། བླ་རུང་སྒར་གྲྭ་བཙུན་ཁྲི་མ་ལོངས་ཙམ་གྱི་ངེས་དོན་པ་ཡིན་པ་དང་། འདི་འདྲའི་དགུང་ན་གཞོན་གཞོན་ལ་ཇི་འདྲའི་མཛད་འཕྲིན་རྒྱས་པོ་ཨ་རེ་དགའ་སྙམ་པ་དང་། འདི་དང་འདི་འདྲ་བ་མང་ཙམ་ཡོད་ན་བློ་རེ་བདེ་ཨང་སྙམ་པ་དང་། སྐུའི་འཕྲོད་བསྟེན་ལ་ཐུགས་སྣང་དང་། སྐུའི་བདེ་འཇགས་ལ་གཟབ་གཟབ་དགོས་སྐོར་གྱི་གསུང་སྐུལ་ཀྱང་གནང་ཡོད་ཚོད་ལ། ཞལ་ནས་གསུངས་མེད་ཀྱང་ཐུགས་ལ་ཡོད་ཡོད་པ་ཐག་གིས་ཆོད།

ཁོ་བོ་ཨ་ལགས་ལ་ཆ་རྒྱུས་ཆེན་པོ་མེད་ཀྱང་གོ་ཐོས་ལྟར་ན་ཆོས་ཞེན་རིགས་ཞེན་གཉིས་ཀྱི་རུས་ཐོན་པ་ཞིག་དང་། སྲོལ་རྒྱུན་ཁོ་ན་རྩ་འཛིན་དང་། དགེ་ལྡན་པའི་ལྟ་སྤྱོད་གཙང་མ་ཟིན་བསྡད་མཁན་ཞིག་ཡིན་རབས་ཡོད། ཡང་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་གང་ཡང་འགྲོ་ས་མེད་པའི་རྟོག་གེ་བ་མགོ་མཁྲེགས་དེ་འདྲའང་མིན་པ་ཐོས་སོ། མཁན་པོ་ཚང་ཡང་ཆ་མེད་རྒྱུས་མེད་ཡིན། ཡིན་ནའང་། གསུང་བཤད་སྒྲ་སྒམ་རེ་ཟུང་ལ་ཉན་མྱོང་པ་དང་། ཁྱད་པར་བླ་རུང་སྒར་དུ་ཆོས་བརྒྱུད་རིས་མེད་ཀྱི་འཛིན་གྲྭ་ལོགས་གར་འཛུགས་གནང་བ་སོགས། ཐོས་བསམ་སློབ་གཉེར་གྱི་རྐང་ཚུགས་པར་བྱ་བཞག་འཛད་མེད་སྐྱོང་བཞིན་པའི་ཧང་སང་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་རབས་ཡོད། དེ་བས་ཐེངས་འདིའི་རྣམ་པ་གཉིས་ཀྱི་པར་ཡར་བསྐུར་མར་བསྐུར་གྱི་ཀུན་སློང་དེ་འདྲ་འཁྱེར་མ་དགོས་ཤིང་། དེ་ནི་རྣམ་པ་གཉིས་ལ་མཚོན་ན་མ་འོས་པ་ཆེན་པོ་ཞིག་ཏུ་མཐོང་ངོ་།།

རང་རེས་ཐོག་དང་པོར་འདི་ནས་ཤེས་དགོས་པ་ཞིག་ལ། པར་ལེན་མཁན་གྱི་པར་ལེན་སྟངས་ཀྱི་ཀུན་སློང་དང་། དེ་བཞིན་པར་དེ་འདྲ་དྲྭ་ཚོམས་ཀྱི་བརྒྱུད་ལམ་ཁག་ལ་གང་མགྱོགས་གང་ཐུབ་ཀྱི་བརྒྱུད་སྐུར་མཁན་དང་། རང་ཉིད་ཀྱི་རྒྱབ་ལྗོངས་ལའང་གང་དྲག་གིས་འགོད་མཁན་ཕལ་ཆེར་ཞིག འདིའི་ཕྱོགས་འདི་ལ་ཡེ་ནས་ཚོར་བ་རྣོ་ཞིང་ཀུན་སློང་དང་བསམ་ཚུལ་མ་དག་པར་ཡོད་པ་རྐྱང་ཡིན། རྒྱུ་མཚན་ནི། ཁོ་རང་རྐུན་མའི་ལས་བྱེད་མཁན་ཞིག་དང་། རྫུན་གཏམ་མཁན་ཞིག་ཡིན་ན། གཞན་ལའང་རྐུས་དང་རྫུན་གྱི་དོགས་པ་རྣམ་རྟོག་གི་ཚོར་བ་ཤིན་ཏུ་རྒོད་པ་མཐོང་ཆོས་ལ་ཡོད་པ་ནང་བཞིན་ཏེ། འཇིག་རྟེན་པའི་གཏམ་ལའང་། རང་མྱོང་ཅན་ལ་གཞན་བཤད་མཁས་ཞེས་པ་འདྲ་བོ་མི་འགྲོ། ཡར་མར་གང་ཡོང་མ་བྱེད་མཁན་ལ་དེ་འདྲའི་བློ་དོགས་རྣམ་རྟོག་རྩ་བ་ནས་མེད་ཅིང་། བློ་ལྷིང་ཐིང་ངེ་དང་བག་ཕབ་པོར། འདྲ་ཆགས་པོ་དེ་འདྲ་གང་ཡང་བྱེད་སྲིད་པ་མ་རེད་ལ་སྣང་རྟགས་ཀྱང་ཡོད་པ་མ་རེད། ཕྱོགས་ཞེན་ཆགས་སྡང་གི་རུས་ཐོན་པ་དག་གིས་ནི། གཟོད་དེའི་རིགས་ལ་དམིགས་ཕུགས་ཏེ་ཁབ་མིག་ནས་ལྟ་བ་དང་། རང་སྐྱོན་རི་འགུལ་ཡང་མི་མཐོང་བར་གཞན་སྐྱོན་སྤུ་གཡོ་བ་ཟིན་པའི་རིགས་ཡོད། རིས་མེད་དང་སྒམ་དཀྱེལ་ནི་ཕྱི་ཚུལ་འདྲ་ཆགས་པོ་ནས་འབྱུང་རྒྱུ་མ་ཡིན་པར་ནང་བསམ་གཞིག་གི་ནུས་རྩལ་ནས་འཐོན་རྒྱུ་ཞིག་ཡིན། མདོར་ན། མིག་གི་གཟུང་བ་རྒྱང་ཆད་པས་ཕན་ཐོགས་མེད་པར། ཡིད་ཀྱིས་འགལ་མེད་རོ་གཅིག་ལ་བལྟ་དགོས་པ་དེ་རེད།

འགལ་མེད་རོ་གཅིག་ཏུ་ཡོང་བ་ལ། རབ་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་རབ་འབྱམས་ལ་ཕྱོགས་ལྷུང་བྲལ་བའི་སློབ་གཉེར་དང་ལྟ་རྟོག་གིས་སྤུ་རིས་འབྱེད་ཅིང་། ལྟ་དགོངས་གཅིག་ཏུ་སྒྲིལ་བའི་གནད་ཀ་འཚོལ་རྒྱུ་དང་། འབྲིང་ཆོས་བརྒྱུད་ཕྱོགས་མེད་ཀྱི་ལྟ་གྲུབ་གཙང་མ་འཛིན་སྐྱོང་དར་སྤེལ་གྱི་དགེ་མཚན་མཐོང་ཞིང་། ངེས་ཤེས་ཟབ་མོ་དང་ཀུ་ཡངས་ལམ་ཁ་སྟེར་བ་དང་། ཐ་མའང་སྟོན་པ་གཅིག་གི་བསྟན་པའི་རྗེས་འཇུག་གཅིག་པའི་དག་སྣང་སྦྱོང་གང་ནུས་དང་། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་ས་སྟེང་ཆོས་ལུགས་ཐམས་ཅད་ཀྱི་རྩ་བའི་བཟང་སྤྱོད་ཉམས་བཞེས་ནི། འགལ་མེད་གཞི་གཅིག་ཏུ་འབབ་པས། དེའི་ཆ་ནས་རིས་མེད་ཕྱོགས་གཅིག་ཏུ་སྒྲིལ་བའི་མཛད་རླབས་ལ་རང་རེའི་མིག་གིས་བལྟ་ཞིང་སེམས་ལ་གཉེར་རྒྱུ་བཅས་ཡིན།

གུས་པ་ལྟ་བུ་ཡིན་ནའང་། མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འདི་ཉིད་བརྒྱུད་དེ་བསྟན་པའི་སྒོར་ཚུད་པ་ཡིན་ཞིང་། དེ་ཡང་ཡུལ་དུས་གནས་སྐབས་དབང་གིས་རེད་མ་གཏོགས། ཆོས་བརྒྱུད་འདི་བསམ་གཟས་འདེམ་པ་དེ་འདྲ་མ་རེད། ཁོ་བོ་ནི་དང་པོ་ཉིད་ནས་ཆོས་བརྒྱུད་ཀྱི་ཁྱད་མེད་པ་ཞིག་ཡོད།  དེ་འདྲར་མི་ལོ་བཅུ་ཕྲག་གཅིག་ལྷག་ལ་སློབ་གཉེར་བའི་ལམ་དང་ལུགས་སྲོལ་གྱིས། རི་བོ་དགེ་ལྡན་པའི་གྲྭ་ས་དག་ཏུ་གཞུང་ཆེན་ཁག་ལ་སློབ་གཉེར་ལྟ་རྟོག་ཨེན་ཙམ་བགྱིས་པ་ཡིན། ཡིན་ནའང་། ཕྱོགས་མཐོང་ཙམ་དང་རགས་པ་རེ་མ་གཏོགས་སློབ་གཉེར་རྡོ་རུས་ཐུག་པ་ཞིག་གཏན་མ་བྱུང་བས་འགྱོད་པས་གདུང་སྟེ་ཡོད། དེའི་རྗེས་ཏེ་ཁྱིམ་དུ་ཞོར་བཙུགས་ལུགས་ཀྱི་སློབ་གཉེར་གྱི་མགོ་བརྩམས་པ་ཡིན། དེ་ཡང་ཆོས་བརྒྱུད་ངེས་མེད་དང་། ཆོས་བརྒྱུད་གང་ཡིན་ནས་བློ་སྐྱེད་གང་ཡོང་ཡོང་ལ་འབད་པ་དེ་རེད། སྐབས་ཤིག་རང་ལུགས་ལ་ཁས་ལེན་ཅི་ཡང་མེད་ཅིང་། རྣམ་བཞག་ཐམས་ཅད་གཞན་ངོ་ཙམ་ལ་བསྐྱལ་འཇོག་པའི། བོད་སྔ་རབས་པའི་ལྟ་བ་དེ་བློ་ལ་འཐད་པ་ལྟ་བུ་བྱུང་། དེས་ངར་ལངས་ཏེ་རྗེ་བླ་མའི་ཐ་སྙད་ཚད་གྲུབ་དང་། བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་བའི་བཞེད་དགོངས་ཐད། གྲོགས་རིགས་པ་སྨྲ་བ་དག་དང་མཉམ་འཛོམས་སྐབས་ཕན་ཚུན་གནོད་བྱེད་གཏོང་རེས་དང་། ལས་ཀའི་ཞོར་ལ་གནོད་བྱེད་ཀྱི་ཤོག་ལྡེབ་དེབ་ཆུང་ཞིག་མ་ལོངས་ཙམ་པའི་སྐབས། སྟབས་ལེགས་ཤིག་ལ། ཤིང་རྟ་རྣམ་བདུན་གྱི་རིགས་པས་ཤིང་རྟ་ཐ་སྙད་པ་བཅོམ་བཅག་བཏང་བ་མ་ཡིན་པར། ཤིང་རྟ་བདེན་གྲུབ་པ་རིགས་པས་ཁེགས་པ་ཡིན་གྱི་བཞེད་དགོངས་ལ་ངེས་ཤེས་ཅུང་ཟད་རྙེད་དེ། ད་ལྟ་༧རྗེ་བླ་མར་ཁ་སྐྱེངས་ཤིང་ངོ་གནོངས་པ་དང་། འགྱོད་པས་གདུང་སྟེ་བཤགས་པ་ལ་བརྩོན་པའི་སྒང་ཡིན།

ཕྱི་ལོ་ ༡༩༩༧ ལོའི་ད་ལྟའི་སྐབས་འདི་ཙམ་ཞིག་ལ་གྲོགས་མཆེད་གཅིག་དང་བཅས་འབར་ཁམས་ནས་ཡར་སེར་ཆུའི་རྒྱུད་དེད་དེ། ཐོག་དང་པོར་བླ་རུང་སྒར་ལ་མཇལ་ཕྱག་ཏུ་བསྐྱོད་པ་ཡིན། ༧ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་སྒར་ན་བཞུགས་འདུག་པར་མ་ཟད། གཟིམ་ཆུང་མཇལ་ཁའི་སྐལ་བཟང་བགོ་སྐལ་ཅིག་ཀྱང་ཐོབ། ཁོང་གིས་སྐབས་དེར་ཐུབ་ཆོག་རྒྱབ་ཆོས་གསུང་ཆོས་གནང་བཞིན་པས་ཉིན་གཉིས་ཀྱི་ཆོས་འབྲེལ་ཞུས་པ་ཡིན།

དུས་དེ་ནས་མཁན་པོ་འདི་བ་དང་། མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་སྒར་དུ་སྐད་གྲགས་ཆེ་ཤས་དེ་གཉིས་ཡིན། ཆོས་འབྲེལ་ཅིག་ཞུ་འཆར་ཡིན་ཡང་རྣམ་པ་གཉིས་སྒར་ན་བཞུགས་མི་འདུག གོ་ཐོས་ལ་སྐབས་དེར། ཆུ་ཤེལ་གྱི་རྡོ་རྗེ་སེམས་དཔའི་སྐུ་བརྙན་ངོ་མཚར་བ་བརྗོད་ཀྱིས་མི་ལང་བ་ཞིག་བཞེང་འཆར་གྱི་འབུལ་སྡུད་ལ། རྒྱ་ནག་ནང་ལོགས་ལ་ཕེབས་སོང་ཟེར། དེ་ནས་ཕྱིར་ལམ་ད་ཐེངས་མཁན་ཆུང་རྣམ་པ་གཉིས་དང་མཇལ་འཕྲད་མ་བྱུང་བ་དེ་ཅུང་ཟད་བློ་འགྱོད་ལྟ་བུ་འདུག་པ་དང་། རྣམ་པ་གཉིས་ལྟ་བུའི་ཕྱོགས་བསྐྱོད་དེ་རིགས་ཀྱིས། སྤྱིར་རྒྱལ་བའི་བསྟན་པ་དང་། ཡང་སྒོས་བོད་དང་བོད་བརྒྱུད་ནང་བསྟན་མཐོང་ཆེ་རུ་འགྲོ་བ་ངེས་ཅན་རེད། ཡིན་ནའང་། འདིའི་མིག་ལྟོས་ཀྱིས་འདྲ་མིན་མང་བོ་ནང་ལོགས་ལ་ཕེབས་པ་ཡིན་ན། རྒྱ་ནག་མི་རིགས་འདི་ཨ་གསར་ཆེ་བས། བསྟན་པ་ཕྱི་དར་གྱི་ཐོག་མ་སྔོན་དུས་ཀྱི་མངའ་རིས་ལྷ་བཙན་པོ་ཁུ་དབོན་དུས་ཐོག་ལ། རྒྱ་གར་ནས་བོད་ལ་གསེར་འཚོལ་ཏུ་སློབ་དཔོན་དང་། རྣལ་འབྱོར་བ་དང་གྲུབ་ཆེན་པའི་མིང་འདོགས་ཅན་གྱི་རྒྱ་གར་བ་འདྲ་མིན་མང་བོ་བོད་ནང་བསླེབས་པས། བོད་རེ་ཞིག་ལོག་ཆོས་དང་འཆལ་བོ་རྐྱང་གིས་བཟུང་བའི་ལོ་རྒྱུས་ཡོད་པ་ནང་བཞིན། བོད་ཀྱི་མཚན་ཤས་སུ་འགྲོ་བ་དེ་འདྲ་མི་འབྱུང་བའི་ངེས་པ་མེད་པས་གཟབ་དགོས་ས་རེད་ཅེས་གྲོགས་ལ་ལབ་པ་ཡིན་ཏེ། གྲོགས་ཁོ་རང་ད་ལྟའང་འཚོ་ཞིང་བཞུགས་བསྡད་ཡོད། ཁོ་རང་སྤྱིར་འཇིག་རྟེན་ཚུལ་ལུགས་ལ་གྲུང་བོ་རུས་ཐོན་པ་ཞིག་ཡོད་ཀྱང་། ཆོས་དང་ཤེས་རིག་ཆོས་འབྱུང་ལ་དེ་ཙམ་གྱིས་ཤེས་རྟོགས་ཞན་པས་འཐད་པའི་བརྡ་ཙམ་ལས་བསྟན་མ་སོང་།

རང་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་གཅིག་གི་སྔོན་ཙམ་ནས་རྗེ་བླ་མའི་རྣམ་ཐར་ཆེན་མོ་དང་། རྗེ་བཙུན་མི་ལའི་རྣམ་མགུར་ཆེན་མོ། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཁྲིད་ཡིག་སངས་རྒྱས་ལག་སྟེར་གསུམ་སྔས་དང་མ་བྲལ་བར་བཅངས་བསྡད་པ་ཡིན། དེ་ཡང་རྗེའི་རྣམ་ཐར་ནི་ཐོས་བསམ་སྒོམ་གསུམ་དང་ཆོས་བརྒྱུད་རིས་མེད་ཀྱི་རྟེན་དང་། རྗེ་བཙུན་གྱི་རྣམ་མགུར་ནི་སྒྲུབ་པ་ཉམས་ལེན་གྱི་རྟེན་དང་། ཆོས་རྗེ་འཇིགས་མེད་པའི་ཁྲིད་ཡིག་སངས་རྒྱས་ལག་སྟེར་ནི་ཆོས་བརྒྱུད་རིས་མེད་ཀྱི་ལྟ་བའི་བག་ཆགས་ཀྱི་རྟེན་བཅས་སུ་བཅངས་པ་ཡིན།

སྤྱིར་ང་རང་ཚོའི་ཡུལ་ཕྱོགས་འདིར། རི་བོ་དགའ་ལྡན་པ་དང་། སྔགས་རྙིང་མ་བ་ལས་ཆོས་བརྒྱུད་གཞན་ཚོ་མི་བཞུགས། སྔ་འགྱུར་རྙིང་མ་ཡང་དགོན་སྡེ་མང་བོ་མེད། རེ་ཟུང་ཡོད་ཀྱང་དགོན་ཕྲན་ཆུང་བ་དེ་འདྲ་ཡིན། ཡིན་ནའང་། དེ་དག་གིས་བདག་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཁྱད་པར་ཏུ་གཡུ་བྲག་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་༧བླ་མ་བསོད་ནམས་ཆོས་འབྱོར་བའམ། ཡོངས་གྲགས་ལ་ཨ་ལགས་བསོད་ཆོས་ཞུ་བ་ཁོང་གི་ཆོས་བརྒྱུད་རིས་མེད་ཀྱི་མཛད་སྤྱོད་དེ་ཧ་ལས་པ་ཞིག་འདུག ཕྱག་དངུལ་གང་ཡོད་བཀའ་བསྟན་རྒྱ་གཞུང་མང་བོ་དང་། དེ་བས་ཀྱང་བོད་ཀྱི་སྐྱེས་ཆེན་མཁས་གྲུབ་མང་བོའི་གསུང་རབ་དང་། དེའི་དཔེ་རྒྱུན་གང་དཀོན་ལ་བཏང་སྟེ། ཆོས་བརྒྱུད་རིས་མེད་ཀྱི་གསུང་རབ་བྲག་རི་བརྩིགས་པ་ནང་བཞིན་ཡོད་པ་དང་། ལོ་རེར་དགའ་ལྡན་ལྔ་མཆོད་ཆེན་མོ་ཡང་དགེ་ལྡན་པའི་དགོན་ཆེན་དག་ཇི་ལྟ་བ་དེ་ལྟ་བུར་སྲུང་བརྩི་དང་། རྙིང་མའི་ཁྱད་ཐོན་ཏུ་གུ་རུ་སྐུ་བརྙན་རི་མགོ་འདྲ་བ་རི་དང་ཐང་ལ་བཞེངས་པ་དེ་འདྲ། ཁོང་གི་རིང་གནང་མྱོང་མེད་པ་བཅས་དཔེ་མཚོན་ཙམ་མོ།།

ཞིབ་ཏུ་ཡི་གེ་མང་བོས་འཇིགས་ཏེ་མ་བྲིས། དེ་བཞིན་རི་ལ་ཚེ་དང་སྒྲུབ་པ་སྙོམས་ཤིང་། ཡོངས་གྲགས་ལའང་ཚེ་མཚམས་པ་ཨ་ཁུ་འཇིགས་མེད་ཞུ་བཞིན་པ། ཧང་སང་བའི་སྒོམ་བསྲན་ཅན། ཞབས་དཀར་གཉིས་པ་ལྟ་བུ་ཞིག་བཞུགས་ཤིང་། ཁོང་གི་ཆོས་བརྒྱུད་ཀྱང་སྔ་འགྱུར་རྙིང་མ་བ་ཡིན་ཡང་བླ་མ་གསར་རྙིང་གཉིས་ཀར་ཡོད་པ་དང་། ཉམས་བཞེས་ཀྱང་གསར་རྙིང་གཉིས་ཀར་མཛད་བཞིན་པ་རང་གིས་མཐོང་ཆོས་ཡིན། དེ་ནས་ད་དུང་རྙིང་མའི་མཁན་པོ་རྣམ་པས་གསུང་ཆོས་གནང་སྟངས་དེ་མ་འདྲ་བ་ཞིག་འདུག ཆོས་ཟབ་ཟབ་མོས་དགུང་ནས་དགུང་ལ་བསྟད་དེ་གཞི་ལ་འབབ་རྒྱུ་མེད་པ་དེ་འདྲ་མིན་པ་དང་། ད་དུང་ཆོས་སྐད་རྐྱང་བ་མ་ཡིན་པའི་སྒོ་ནས། ཁྱིམ་པ་ཕོ་མོ་དང་། བློ་དམན་པ་རྣམས་ལ་བསྟུན་ཚབས་ཆེ་བའི་གསུང་ཆོས་གནང་སྟངས་དེ་ནི། ཡིད་འཁུལ་བའི་ཕན་རླབས་བླ་ལྷག་དང་ལྡན་པ་ཞིག་སྟེ། ༧སྐྱབས་མགོན་རིན་པོ་ཆེའི་ནང་ཆོས་ངོ་སྤྲོད་ཀྱི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཞིག་འདུག་གོ

ཡང་དེ་ལ་སྔ་འགྱུར་རྙིང་མ་བའི་ཚུལ་ལུགས་ཤིག་ལ་སློབ་དཔོན་རིན་པོ་ཆེ་རྩ་གང་ཆེ་ཆེས། མཁན་ཆེན་མཆོག་ལྟོས་འཇོག་གིས་རྩ་བ་ཆུང་དུ་སོང་བ་དེའི་རྟེན་འབྲེལ་ལ་དཔྱད་རྒྱུ་ཞིག་འདུག་གོ་སྙམ་པ་དང་། དེ་ལྟའི་སྣང་ཚུལ་བོད་ཀྱི་ཆོས་བརྒྱུད་སྤྱི་ལའང་ཡོད་པ་མིན་འགྲོ། རང་སོ་སོའི་ཆོས་བརྒྱུད་ཀྱི་རྩ་བ་གང་ལ་ཐུག་ས་དེ་མ་གཏོགས། རྩ་བའི་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ལ་སྣང་ཆུང་ཤོར་བཞིན་འདུག་སྙམ་པ་དང་། དེ་འདྲའི་རྐྱེན་པས་བོད་ཀྱི་ཆོས་བརྒྱུད་ལ་བླ་མའི་ཆོས་ལུགས་ཞེས་པའི་མིང་བཏགས་ཤིག་ཀྱང་ཡོད་དགོས་གཏུགས་པ་བཅས།

མདོ་དོན་སྙིང་བོ་ཆོས་བརྒྱུད་རིས་མེད་དང་། བསྟན་པ་ཕྱོགས་མེད་སྐྱོང་ཚུལ་དེ། ཉིན་འགའ་ཤས་དང་། ཡང་ན། མི་བུ་རེ་ཟུང་གིས་ཕན་ཚུན་ཕྱག་དང་ཕྱག་ལན་མཛད་སྟངས་ལྟ་བུ། ཕྱི་ཚུལ་འདྲ་ཆགས་པོ་དེ་འདྲར་ལྟོས་པ་མ་ཡིན་པར། མི་རེ་ངོ་རེས་རང་ཉིད་ནས་མགོ་བརྩམས་ཏེ། དུས་རྒྱུན་འཚོ་བའི་ཁྲོད་ཆོས་བརྒྱུད་ནང་ཕན་ཚུན་ལ་ལྟ་སྟངས་དང་། དེའི་ཐད་སོའི་སེམས་པའི་འཁྱེར་སོ་ལ་སྟངས་འཛིན་བྱེད་པའམ། དག་སྣང་ཕྱོགས་མེད་སྐྱོང་གང་ཐུབ་ཀྱིས། ཕྱོགས་རིས་འཐེན་འཁྱེར་བ་སྤུ་གཡོ་བ་ཙམ་ཡང་མེད་པ་ཡིན་ན། ད་གཟོད་ཆོས་བརྒྱུད་རིས་མེད་དང་བསྟན་པ་ཕྱོགས་མེད་སྐྱོང་བ་ཡིན་ནོ་སྙམ་པ་ཞིག་ཡོད་དེ། དེའི་རྟེན་ལ་རྗེ་བླ་མ་ཙོང་ཁ་ཆེན་པོའི་རྣམ་ཐར་རྒྱས་བསྡུས་གང་རིགས་ཤིག་སྔས་དང་མ་བྲལ་བ་ཞིག་ཅིས་ཀྱང་དགོས་སོ།།

ཞེས་ཨ་ཚོགས་མཁས་བཙུན་གྱིས་ཆོས་བརྒྱུད་རིས་མེད་དང་། ཆོལ་ག་དབྱེར་མེད་ཀྱི་ཆུ་རྒྱུན་གངས་ལ་ཐུག་པའི་གནས་མཆོག་གཅིག་པུ་མདོ་སྨད་ཙོང་ཁའི་ཡུལ་གྱི། རང་གནས་བྲག་དཀར་རྫོང་དཔལ་ཁ་གསེར་གཞུང་དུ་བྲིས་སོ།

ཕྱི་ལོ་༢༠༡༧/ ༧/ ༡༢ཉིན།

བསྐྱར་བཅོས།: ༢༠༡༧/༠༧/༣༠

Leave a Reply

5 thoughts on “ཧི་མ་ལ་ཡའི་མཁས་པའི་རྒྱས་འཛོམས་ཆེན་མོ་དང་དེའི་གསང་བ།