རྒྱ་ནག་ནང་བོད་སྐོར་གྱི་གློག་བརྙན་དར་ཁྱབ་ཆེ་རུ་འགྲོ་བཞིན་འདུག

རྒྱ་རིགས་གློག་བརྙན་འཁྲབ་ཁྲིད་པ་ཀྲང་དབྱང་(Zhang Yang)ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་(ཚེ་སྲོག་གི་ལམ་ཕྲན་)ཞེས་པའི་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་པའི་དངོས་བཤུས་གློག་བརྙན་དེ་རྒྱ་ནག་ནང་བོད་སྐད་གློག་བརྙན་འཕར་ཚད་མཐོ་བོར་བསླེབས་པ་དང་པོ་དེ་ཆགས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གི་གློག་བརྙན་སྐོར་གྱི་གསར་འགོད་པ་(Clarence Tsui)ལགས་ཀྱིས། གློག་བརྙན་དེ་དང་འབྲེལ་དེ་བོད་ཀྱི་གློག་བརྙན་ཁག་ཅིག་ལ་བསྐྱར་ཞིབ་བྱས་པར་གཞིགས་ན། གངས་རིན་པོ་ཆེར་སྐྱོད་པའི་གློག་བརྙན་དེ་འགྲོ་སོང་ཆུང་བ་དང་ཡོང་འབབ་ཆེ་བའི་བོད་སྐད་གློག་བརྙན་ཞིག་ཆགས་ཡོད་འདུག

གློག་བརྙན་སྟོན་མགོ་བཙུགས་པའི་ཐོག་མའི་ཉིན་གསུམ་གྱི་ཡོང་འབབ་ལྟ་བུ་ཞིག་ད་སྔ་རྒྱ་ནག་ནང་གཅིག་ཀྱང་བྱུང་མེད་པ་དང་། ཉེ་སྔོན་རྒྱ་ནག་ནང་འཕར་ཚད་ཆེན་པོ་ཆགས་བཞིན་པའི་གློག་བརྙན་(Transformers: The Last Knight)ཞེས་པ་ལས་ཀྱང་བརྒལ་ཡོད་འདུག

གློག་བརྙན་ཁང་ཁག་ཏུ་གངས་རིན་པོ་ཆེར་སྐྱོད་པ་ཞེས་པའི་འཛིན་བྱང་བཙོང་ཚད་དེ་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་(Michael Bay)ཞེས་པའི་འཁྲབ་ཁྲིད་བྱས་པའི་གློག་བརྙན་(autobot epic)ཞེས་པ་དང་འདྲ་མཉམ་ཆགས་ཡོད་འདུག

གངས་རིན་པོ་ཆེར་སྐྱོད་པའི་གློག་བརྙན་དེའི་ནང་དོན། མི་ ༡༡ ལས་གྲུབ་པའི་བོད་པའི་གནས་མཇལ་བ་སྐོར་ཞིག་གིས་རྐྱང་ཕྱག་འཚལ་བ་དང་། རྐང་བགྲོད་བྱས་ཏེ་རྒྱང་ཐག་སྤྱི་ལེ་ ༢༠༠༠ ལྷག་སོང་བའི་འགྲུལ་བཞུད་ཅིག་ཡིན་པ་དང་། གློག་བརྙན་ནང་གི་འཁྲབ་སྟོན་མི་སྣ་དག་ཀྱང་ཆེད་མཁས་པ་མིན་པར། བོད་ཁུལ་གྱི་མི་མང་དཀྱུས་མ་འགའ་ཡིན་འདུག

གློག་བརྙན་གྱི་འཁྲབ་སྟངས་དངོས་བཤུས་གློག་བརྙན་གྱི་ཚུལ་ཏུ་ཕབ་སྐྲུན་བྱས་ཡོད་པ་དང་། གློག་བརྙན་འདི་རྒྱ་ནག་གི་གློག་བརྙན་ཁྲོམ་རྭའི་ནང་གློག་བརྙན་གཞན་དག་དང་མི་འདྲ་བར། འུར་སྒྲ་སོགས་གང་ཡང་མེད་པར་ག་ལེར་སྐད་གྲགས་ཆགས་ཤིང་འཕར་ཚད་མཐོན་པོར་བསླེབས་པ་ཞིག་ཆགས་ཡོད།

འཁྲབ་འཁྲིད་པ་ཀྲང་ལ་མཚོན་ན། རྒྱ་ནག་གི་གློག་བརྙན་ཁྲོམ་རྭའི་ནང་མི་མང་ལ་ཆ་རྒྱུས་མེད་པ་ཞིག་མིན་པར། གློག་བརྙན་འཁྲབ་ཁྲིད་པ་ཚོས་འབོད་བཞིན་པའི་མི་རབས་དྲུག་པའི་གློག་བརྙན་འཁྲབ་ཁྲིད་པའི་གྲས་ཡིན་པ་དང་། ཁོས་ཐེངས་འདིར་འཁྲབ་ཁྲིད་བྱས་པའི་གློག་བརྙན་འདིས་ལོ་ངོ་ ༥༠ རིང་གི་རྒྱ་ནག་གི་གློག་བརྙན་ལ་ཐོད་བརྒལ་ཆེན་པོ་བྱས་ཡོད།

འཁྲབ་ཁྲིད་པ་ཁོང་གིས་དེ་སྔ་དགོད་བྲོའི་གཏམ་རྒྱུད་གློག་བརྙན་(Spicy Love Soup)ཞེས་པ་དང་། ༡༩༩༩ ལོར་འཁྲབ་ཁྲིད་བྱས་པའི་གློག་བརྙན་(Shower)། དེ་བཞིན། ༢༠༠༥ ལོར་འཁྲབ་ཁྲིད་བྱས་པའི་(Sunflower )དང་། ༢༠༠༧ ལོར་འཁྲབ་ཁྲིད་བྱས་པའི་འཕར་ཚད་མཐོན་པོར་བསླེབས་པ་(Getting Home)། ༢༠༡༠ ལོར་འཁྲབ་ཁྲིད་བྱས་པའི་གྲོང་ཁྱེར་གྱི་འཚོ་བ་མཚོན་པའི་གློག་བརྙན་(Driverless in)། ཨ་རིའི་(The Bucket List)། བཞད་གད་གློག་བརྙན་(Full Circle)སོགས་ཡོད།

གངས་རིན་པོ་ཆེ་ཞེས་པའི་གློག་བརྙན་འགྲེམ་སྤེལ་བ་ལཱེ་ལཱེ་(Li Li)ཡིས་བརྗོད་པ་ལྟར་ན། ཀྲང་གིས་(Full Circle)གློག་བརྙན་འགྲེམ་སྤེལ་བྱས་ཏེ་ལེགས་འགྲུབ་མ་བྱུང་སྟབས། ཁོང་གིས་གློག་བརྙན་འཁྲབ་ཁྲིད་ཀྱི་ཁ་ཕྱོགས་གསར་བ་འཚོལ་རྒྱུའི་སེམས་ཐག་བཅད་དེ་བོད་ཁུལ་དུ་སྐྱོད་པ་རེད་ཟེར། (Full Circle)ཞེས་པའི་གློག་བརྙན་དེ་ཡིས་རྒྱ་སྒོར་ས་ཡ་ ༥.༣ ཙམ་ལས་གསོག་ཐུབ་མེད་པ་དང་། དེ་ནི་གངས་རིན་པོ་ཆེའི་གློག་བརྙན་གྱི་ཉིན་གཅིག་གི་འཕར་ཚད་ཀྱང་ཟིན་མེད།

ལཱེ་ལཱེ་ཡིས་བཤད་པ་ལྟར་ན། ཀྲང་གིས་གློག་བརྙན་དེ་ཕབ་སྐྲུན་བྱེད་སྐབས། འཁྲབ་གཞུང་དང་མ་ཡིག་ལ་གཞི་འཇོག་ས་གང་ཡང་མེད་པར་འཁྲབ་མགོ་ཚུགས་ཡོད་པ་མ་ཟད། ཕབ་སྐྲུན་བྱས་ཚར་མ་ཐག་ལཱེ་ཡི་གློག་བརྙན་སྒྲིག་སྦྱོར་འགྲེམ་སྤེལ་ཁང་ལ་རྒྱ་སྒོར་ས་ཡ་ ༡༢ སྤྲད་དེ། ཆུ་ཚོད་ཐུང་ཐུང་ཟླ་བ་གཅིག་ལྷག་གི་ནང་གློག་བརྙན་དེ་ཡོངས་སུ་བཟོས་ཚར་དུ་བཅུག་ཡོད་འདུག

གངས་རིན་པོ་ཆེ་ཞེས་པའི་གློག་བརྙན་ལེགས་འགྲུབ་བྱུང་བ་དེས་འཁྲབ་ཁྲིད་པའི་བཞད་གད་གློག་བརྙན་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་བ་ཡག་པོ་བྱུང་ཡོད་པ་བདེན་དཔང་བྱས་ཡོད་ལ། གློག་བརྙན་དེས་ད་དུང་འགྲེམ་སྤེལ་བ་ལཱེ་དང་ཁོང་གི་གློག་བརྙན་བཟོ་སྐྲུན་ཁང་གཉིས་ལའང་གློག་བརྙན་ཁྲོམ་རྭའི་ཐད་ཉམས་མྱོང་ཆེན་པོ་ཞིག་རག་ཡོད་པ་རེད།

བཅར་འདྲི་ཞིག་གི་སྐབས་སུ་ལཱེ་ཡིས། གློག་བརྙན་དེ་བྲིན་རྒྱུག་ཡག་པོ་ཡོང་ཆེད་དུ་སྐུ་ཞབས་ཀྲང་དང་ངེད་གཉིས་དཀའ་ལས་མང་པོ་བརྒྱབ་པ་ཡིན། གྲོང་ཁྱེར་ཆེ་ཁག་ ༩ ཙམ་ནང་སྐོར་སྐྱོད་བྱས་ཏེ། གསར་ལམ་ཁག་དང་ལྟད་མོ་བ་ཚོར་གློག་བརྙན་དེའི་སྐོར་འགྲེལ་བཤད་དང་ཁྱབ་བསྒྲགས་བྱས་པ་ཡིན་ལ། གློག་བརྙན་འགྲེམ་སྤེལ་བ་ཚོས་ཀྱང་ཁེ་ལས་བ་དང་མགོ་ཁྲིད་མི་སྣ་གྲགས་ཆེན་སོགས་ལ་བསྟན་ཏེ་ཁོང་ཚོའི་སྐད་ཆ་དག་ཁྱབ་སྤེལ་བྱས་པ་བརྒྱུད་དེ། ལྟད་མོ་བ་ཚོའི་རྒྱབ་སྐྱོར་ཐོབ་ཐབས་བྱས་པ་ཡིན་ཞེས་བརྗོད་འདུག

ཉེ་ལམ་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས་རྒྱལ་ཡོངས་སྒྱུ་རྩལ་གློག་བརྙན་མཐུན་ཚོགས་(National Arthouse Film Alliance)ཞེས་པའི་གློག་བརྙན་སྟོན་ས་ཁང་ཞིག་དབུ་འབྱེད་བྱས་ཡོད་པ་དང་། གློག་བརྙན་ཁང་དེས་གཙོ་བོ་མི་མང་གི་བསམ་བློར་ཕན་ཐོགས་ཡོད་པའི་གློག་བརྙན་དར་སྤེལ་གཏོང་བར་རོགས་རམ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག གློག་བརྙན་ཁང་དེར་གཞན་དཔལ་འབྱོར་མཁོ་སྒྲུབ་ཆེད་གློག་བརྙན་མང་པོ་ཞིག་སྟོན་བཞིན་ཡོད་འདུག གངས་རིན་པོ་ཆེ་ཞེས་པའི་གློག་བརྙན་དེ་ནི་གློག་བརྙན་སྒྱུ་རྩལ་ཁང་གིས་རྒྱལ་ཡོངས་སུ་བསྟན་པའི་གློག་བརྙན་ལས་རིམ་ནང་གི་ཆ་ཤས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

ཟླ་སྔོན་མར་ཧྲིན་ཀྲིན་གྲོང་ཁྱེར་གློག་བརྙན་ཁང་གིས་གློག་བརྙན་སྒྱུ་རྩལ་དུས་སྟོན་གྱི་ཆ་ཤས་བླངས་ཏེ། བོད་ཡུལ་གྱི་འཚོ་བ་ “Lives on Tibetan Lands” ཞེས་པའི་ཁ་བྱང་འོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་ལྷིང་འཇགས་ཀྱི་མཎི་རྡོ་འབུམ་(The Silent Holy Stones)དང་ཐར་ལོ་(Tharlo)། གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱི་གཙང་བོ་(River)སོགས་བསྟན་ཡོད་པ་རེད།

ཀྲང་དང་ལཱེ་གཉིས་ཀྱིས་གངས་རིན་པོ་ཆེ་ཡི་གློག་བརྙན་ལ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་པ་དང་། ཟླ་རྗེས་མ་ནས་ཀྲང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་རྒྱུད་སྐུད་སྟེང་གི་རྣམ་ཤེས་(Soul on a String)ཞེས་པ་སྟོན་རྒྱུ་ཡིན་པ་དང་། གློག་བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཅིག་ཐོག་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད།

རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་གློག་བརྙན་དེ་ཡང་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཞིག་ཡིན་པ་དང་། གློག་བརྙན་དེ་ཊོ་རོན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོགས་སུ་གཟིགས་འབུལ་ཞུས་ཏེ་སྐད་གྲགས་ཆེན་པོ་ཆགས་ཡོད་པ་མ་ཟད། གློག་བརྙན་དེས་བོད་ཀྱི་རིག་གནས་དང་འཚོ་བ། གོམས་གཤིས་སོགས་སྒྱུ་རྩལ་གྱི་ལམ་ནས་ནུབ་ཕྱོགས་སུ་ཁྱབ་སྤེལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༣༠

Leave a Reply

One thought on “རྒྱ་ནག་ནང་བོད་སྐོར་གྱི་གློག་བརྙན་དར་ཁྱབ་ཆེ་རུ་འགྲོ་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་སྲིད་གཞུང་གི་བོད་ཀྱི་ས་འོག་དང་ས་སྟེང་གི་གཏེར་ཁ་ཁག་རྐུ་ཁྱེར་གྱིས་རྒྱ་ནག་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞོག་འདེགས་ཐོབ་ཡོད་པ་དང་རྒྱ་མི་སྒེར་གྱིས་བོད་མིའི་འཚོ་བ་དང་འབྲེལ་བའི་གློག་བརྙན་བརྒྱུད་ནས་རང་གི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་འདུ་འགོད་བྱས་ནས་རང་མིང་རྒྱ་ཁྱབ་ལ་གྲགས་བཞིན་པར་ཞིབ་ཏུ་དཔྱད་ཚེ་ང་ཚོ་བོད་མི་ནི་ཆབ་སྲིད་དང་དཔལ་འབྱོར་འཛུགས་བསྐྲུན་གསར་གཏོད་སོགས་རྣམ་མང་ཤེས་བྱ་དང་ཁ་བྲལ་ནས་རྙིང་ཞེན་རུལ་སྲུང་ལ་མགོ་འཁོར་ནས་ཁེར་ཀྱང་གངས་རིའི་འཕྲོད་གཅིག་པོར་རྒྱུན་རིང་ལྷག་ནས་རྗེས་ལུས་ནས་ནམ་ཡང་ཁ་བྲལ་མི་ཐུབ་་པའི་སྤྱི་ཚོགས་ཞིག་ལ་ངོས་འཛིན་ཞུས་ན་མ་འགྲིགས་པའི་ཉེས་པ་གང་ན་ཡོད་།