བསམ་ཚུལ་ནི་བསམ་ཚུལ་རང་ཡིན།

བློ་གྲོས་རབ་བརྟན།

ལས་ཀའི་བྲེལ་ཟིང་བར་ནས་བོད་གཞིས་བྱེས་གཉིས་ལ་འཁྱུག་ལྟ་རེ་བྱས་ན། འདས་པའི་ལོ་འགའི་རིང་ནས་རང་སྲེག་གི་གནས་ཚུལ་ཡང་ཡང་དུ་མཐོང་རྒྱུ་ཡོད། གནད་དོན་དེ་མཐོང་ཐེངས་ལ་བསམ་བློ་མང་པོ་བཏང་སྟེ་ཆེད་རྩོམ་གཉིས་བྲིས་མྱོང་ལ། ད་ཐེངས་ཡང་བཙན་བྱོལ་དུ་བསྟན་འཛིན་ཆོས་དབྱིངས་ཀྱིས་རང་བསྲེགས་ཀྱིས་སྐུ་གྲོངས་སོང་། དེའི་རྐྱེན་ཀྱིས་བསམ་ཚུལ་ཞིག་འབྲི་རྒྱུ་ཡིན། བསམ་ཚུལ་ནི་བསམ་ཚུལ་རང་ཡིན།

བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་ཁ་ཁ་རེད། བོད་དུ་རང་སྲེག་བྱེད་དགོས་པ་དེ་རྒྱ་གཞུང་གི་སྲིད་ཇུས་ལ་ཐུག་ཡོད། སྲིད་ཇུས་དེས་བོད་མི་རིགས་རྩ་མེད་བཟོ་བཞིན་པ་དེ་རེད། སྲིད་ཇུས་དེས་ཉི་མ་རེ་རེ་བཞིན་བོད་ཀྱི་སྣོད་བཅུད་གཉིས་ལ་ཉེན་ཁ་འཚབ་ཆེན་བཟོ་བཞིན་ཡོད། གནས་སྟངས་དེའི་འོག་གཞིས་ཀྱི་བོད་མི་ཚོར་མཚོན་ན། འདམས་ཀ་དེ་ལས་གཞན་མེད་པའི་གནས་སུ་བསྐྱལ་ཡོད།

བོད་ནང་གི་བོད་མི་ཚོས་རང་བསྲེགས་ཀྱིས་ངོ་རྒོལ་བྱེད་ས་རྒྱ་གཞུང་རེད། རྒྱ་གཞུང་གི་དབང་འཛིན་པ་ཚོ་ནི་བོད་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་རེད། ཁོང་ཚོའི་ལས་ཁུངས་ཀྱི་མདུན་དང་ཡང་ན་དབང་ཚད་ཀྱི་ཁྱབ་ཁོངས་སུ་རང་སྲེག་བྱེད་བཞིན་ཡོད། བོད་མི་ཚོས་སྤེལ་བའི་ཞི་རྒོལ་དེ་དག་དབང་འཛིན་པ་ཚོས་མིག་གིས་མཐོང་ས་དང་རྣ་བས་གོ་ས་རེད་ལ། བྱེད་སྟངས་དེས་རྒྱ་དཔོན་ཚོའི་སྡུག་རྩུབ་ཀྱི་སྲིད་ཇུས་དང་ཀུན་སྤྱོད་ལ་འགྲེལ་བཤད་བརྒྱབས་ཡོད།

བོད་ས་རྒྱ་ཡུལ་དུ་བསྒྱུར་བ་དང་བོད་མི་ཚོ་གྲངས་ཉུང་གི་གནས་སྟངས་དེ་བོད་དུ་འབྱུང་གིན་ཡོད། བོད་ཀྱི་བདག་པོ་བོད་མི་ཡིན་དུས་དེའི་སྣོད་བཅུད་སྲུང་སྐྱོབ་ཀྱི་འགན་དེ་བོད་མི་ཚོར་ལྷན་སྐྱེས་སུ་ཡོད། དེར་བརྟེན། གཞིས་ཀྱི་བོད་མི་ཚོས་རང་ས་རང་ཡུལ་ནས་རང་བསྲེགས་ཀྱིས་ཞི་རྒོལ་བྱེད་པ་ནི་ས་ཆའི་གནས་བབ་ཀྱི་ཆ་ནས་གནད་ལ་འཁེལ་ཅིང་། བཙན་བྱོལ་ནས་རང་སྲེག་བྱེད་པ་དང་བསྡུར་ན། གཞིས་ཀྱི་བོད་མི་ཚོ་རང་སར་བསྡད་དེ་འཐབ་རྩོད་བྱེད་བཞིན་ཡོད་སྟབས། ཁོང་ཚོས་འཐབ་རྩོད་ཀྱི་གཞི་རྩ་བརྟན་སྲུང་ཐུབ་ཀྱི་ཡོད་ཅིང་། བདེན་ཐུབ་དང་ཞི་རྒོལ་གྱི་ནུས་པ་བླ་ལྷག་ཏུ་ལྡན་ཡོད།

གཞིས་ཀྱི་བོད་མི་ཚོར་ཡོད་པའི་རྒྱ་གཞུང་གི་དབང་འཛིན་པའི་མདུན་དང་། རང་ས་རང་ཡུལ་ནས་རང་སའི་ཆེད་དུ་རང་སྲེག་གཏོང་པའི་གནས་བབ་དེ་ལྟར་བཙན་བྱོལ་དུ་མེད། བཙན་བྱོལ་དུ་རང་སྲེག་བྱེད་མཁན་ཚོའི་སྙིང་སྟོབས་དང་བློས་གཏོང་དེ་ཆེས་བླ་མེད་དུ་བཀུར་རྒྱུ་ལས་གཞན་མེད་ཀྱང་། བཙན་བྱོལ་དུ་རང་སྲེག་གིས་ངོ་རྒོལ་བྱེད་ཡུལ་དང་བྱེད་ས་གཉིས་ཐད་ནས་བྱེད་དགོས་པའི་གནས་བབ་དེ་མེད། གནད་དོན་རེ་བྱུང་ན་ང་ཚོས་དཔའ་བོ་དང་རྒྱལ་གཅེས་པ་རེད་ཅེས་ཁ་གཡང་ལྟ་བུའི་འབོད་ཚིག་གིས་འགྲེལ་མི་ཐུབ་ཅིང་། ཡུལ་དུས་གནས་བབ་གང་ལ་བལྟས་ནའང་། བཙན་བྱོལ་དུ་རང་སྲེག་གིས་ཞི་རྒོལ་འཚམས་མིན་ལ་བསམ་བློ་ནན་ཏན་གཏོང་དགོས།

གཞོན་རབས་པ་ཚོར་རང་གི་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་ཡོད་པ་ཡིན་ན། རྣམ་དཔྱོད་དང་འཇོན་ཐང་གིས་མི་རིགས་ཀྱི་ལ་རྒྱ་འཛིན་པའི་དུས་སྐབས་རེད་མ་གཏོགས་གཞིས་ཀྱི་བོད་མི་ཚོའི་གནས་བབ་ཛ་དྲག་དེ་འདྲ་བཙན་བྱོལ་དུ་མེད། བཙན་བྱོལ་དུ་དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ཡང་དག་དེ་བས་ཀྱང་མེད། འབྲེལ་ཡོད་ཚོགས་པ་དང་མི་སྒེར་སུ་ཡིན་ཡང་། ཚོད་ཚོད་ལ་གདུང་སེམས་མཉམ་བསྐྱེད་དང་དཔའ་བོ་ཆེ་གེ་མོ་ཟེར་ནས་འུར་བརྒྱབས་ན། རིགས་ཞེན་ཅན་ལོ་ཆུང་མང་པོ་ཞིག་གི་མི་ཚེ་མེ་རུ་འཐིམ་ལ་གྲོགས་སུ་འགྲོ་སྲིད་དུས། ཚོགས་པ་དང་མི་སྒེར་བ་སུ་ཡིན་ཡང་སྐད་ཆ་བཤད་ན། ཁྱོན་ཡོངས་ཀྱི་གནས་བབ་ཤེས་པའི་ཐོག་ནས་འུར་ལངས་དང་སྟོང་བཤད་མ་ཡིན་པར་གཟབ་ནན་དགོས་པ་དེ་གལ་ཆེན་རེད་འདོད།

བཙན་བྱོལ་དུ་གཞོན་རབས་པ་མང་པོ་ཞིག་གི་བོད་དོན་ལབ་ན། གཞོན་ཚོགས་དང་། སློབ་ཕྲུག་ཚོགས་པར་མ་ཞུགས་ན་བོད་དོན་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མེད་པ་ལྟ་བུ། ཚོགས་པ་དེ་དག་ཁོངས་སུ་འཛུལ་ནས་སྲང་བར་དུ་སྐད་འབོད་རེ་བྱས་ནས་བསྡད་ཡོད། དོན་ལ་བོད་དོན་ཟེར་ན་དེ་འདྲ་ཞིག་མ་རེད། རང་གཞན་རོགས་གསུམ་དང་ཕྱི་ནང་ཀུན་ལ་བོད་དོན་ཆེད་དུ་ལས་དོན་ཆེ་ཆུང་མང་པོ་བསྒྲུབ་རྒྱུ་ཡོད། དེར་བརྟེན། གཞོན་རབས་པ་ཚོར་དེའི་ཐད་ནས་སློབ་གསོ་དང་གོ་བསྐོན་དགོས་པ་མངོན་གསལ་རེད།

བསྐྱར་བཅོས།: ༢༠༡༧/༠༧/༣༡

Leave a Reply

4 thoughts on “བསམ་ཚུལ་ནི་བསམ་ཚུལ་རང་ཡིན།

  1. ༄༅། ཁ་ཁུ་སིམ་པོའི་ཐོག་ནས་རྒྱུ་མཚན་ཆེ་བ་མེད་པར་རང་ལུས་མེ་ལ་སྒྲོན་ན་དགོས་པ་ཆེ་བ་མཐོང་གི་མི་འདུག་
    དེ་ལས་སོ་སོར་འཁྲིས་པའི་ལས་འགན་དེ་ཡག་པོ་བྱེད་དེ་བསྡད་ན་ཡག་ཤོས་རེད།
    བོད་ལ་ཡིན་ན་ལུས་ངག་ཡིད་གསུམ་དང། འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་གཏན་མེད་པར་བརྟེན་འ་ཆད་འུ་ཐུག་གི་ཐོག་ནས་རང་ལུས་མེ་ལ་སྒྲོན་
    གྱི་ཡོད་པ་རེད། བཙན་བྱོལ་ལ་རང་དབང་ཆ་ཚང་ཡོད་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    བསམ་ཚུལ་ཡག་པོ་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ་།
    ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ཡིན་ན་སྒྲིག་འཛུགས་དང་འགོ་འཇུག་འཆར་གཞི་ཡོད་པའི་ཐོག་ནས་བོད་དོན་འཐབ་རྩོད་སྤེལ་དགོས་པ་ལས་ཚོགས་པ་རེ་གི་ལས་འགུལ་རེ་དང་མི་རེ་ནས་ལས་འགུལ་རེ་སྤེལ་ནས་བོད་དོན་འཐབ་རྩོད་ལ་ནུས་པ་འཐོན་རྒྱུའི་ཚབ་ཏུ་དུས་ཚོད་རྫོགས་རྒྱུ་ཙམ་ལ་སོང་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་འགན་འཁུར་འོག་འགོ་འཇུག་དང་འཆར་གཞི་སྒྲིག་ཁྲིམས་ལྡན་པའི་ལམ་སྟོན་གྱི་སྒྲིག་གཞི་གཏན་འབེབས་གནང་ནས་བོད་མི་ཚང་མས་གཅིག་རྒྱུར་གྱི་ལས་འགུལ་སྤེལ་དགོས་པ་དེ་བོད་དོན་བདེན་མཐའ་གསལ་ཐུབ་པའི་ཆ་རྐྱེན་བཟང་བཤོས་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་།

    1. བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། རང་སྲེག་གི་ལས་འགུལ་བཙན་བྱོལ་དུ་འཚམས་པོ་མེད་པ་དེ་གསལ་བོ་བཟོ་དགོས་པ་རེད་འདོད།

  3. བསམ་ཚུལ་ཚད་ལྡན་རེད། ང་ཡང་སྔོན་མ་ཞིག་ནས་རང་ལུས་མེར་སྲེག་འདིའི་སྐོར་ལ་བསམ་ཚུལ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན། བོད་པའི་རང་སྲེག་ཀྱི་སྐྱོ་གར་འདིའི་མགོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ད་བར་ངོ་བོ་དང་ཁ་དོག་འདྲ་མིན་ཞིག་ལ་འགྱུར་ཡོང་བ་རེད། ཐོག་མའི་རང་སྲེག་གནང་མཁན་རྣམས་ནི་བོད་པའི་རྩ་དོན་ལ་ཕན་པ་དང་གཟི་བརྗིད་ཆེ་བ་རེད། ད་ལྟ་བོད་པའི་རྩ་དོན་ཐོག་ལ་ཕན་གྱི་ཡོད་དང་གནོད་ཀྱི་ཡོད། བོད་པའི་མང་ཚོགས་ཀྱིས་ཀྱང་གུས་བརྩི་ཞུ་བཞིན་ཡོད་དམ་སུན་སྣང་སྐྱེས་ཀྱི་ཡོད་བཤད་ཚོད་མ་ཐུག་པ་ཞིག་ཆགས་འདུག ཏན་ཏན་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག་མ་གཏོགས་ནམ་ཞིག་བོད་པའི་རང་སྲེག་ཟེར་ན་གད་མོ་ཤོར་དགོས་པ་ཞིག་ཆགས་ཡོང་མི་སྲིད་པའི་ངེས་པ་མི་འདུག