ཨ་རི་དང་ཡུ་རོབ་ནས་རྒྱ་གར་ལ་བོད་སྐད་བོད་ཡིག་འཚོལ་དུ་ཡོང་བའི་བོད་ཕྲུག

ད་ལོར་ཕྱིའི་རྒྱལ་ཁབ་ཁག་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་སྐད་ཡིག་སློབ་གཉེར་བྱེད་དུ་ཡོང་མཁན་བོད་ཕྲུག་ ༨༤ ཡོད་པའི་གྲས་སུ་དབྱིན་སྐད་བོད་སྐད་བསྲེས་ནས་སྦྲགས་སྐད་བཤད་ཤེས་མཁན་ ༢༠ ཙམ་འདུག

ལོ་རེའི་དབྱར་གསེང་དང་བསྟུན་ཏེ་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་རིགས་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ངོ་སྤྲོད་བྱེད་ཆེད། བཙན་བྱོལ་བོད་སློབ་ཁག་ནང་ཆེད་གཏོང་གིས་ཟླ་གཅིག་རིང་སློབ་ཁྲིད་བྱེད་ཀྱི་ཡོད་པ་ལྟར། ད་ལོར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཨ་རི་དང་ཁེ་ན་ཌ། སུད་སི་དང་ཉི་ཧོང་བཅས་རྒྱལ་ཁབ་ ༤ ནས་ཡོང་བའི་བོད་པའི་སློབ་ཕྲུག་ ༨༤ ཙམ་ཡོང་ཡོད་པ་དང་། དེ་དག་ཁྲོད་དབྱིན་སྐད་བོད་སྐད་བསྲེས་བའི་སྦྲགས་སྐད་བཤད་ཤེས་མཁན་སློབ་མ་ ༢༠ ཙམ་ཡོད་པ་མ་གཏོགས། གཞན་ཚང་མས་བོད་སྐད་ཡིག་འབྲི་ཀློག་ཐུབ་ཀྱི་མེད་འདུག

དེ་རིང་འདི་གའི་གསར་འགོད་པ་དྷ་སྟེང་བོད་ཁྱིམ་དུ་ཕྱིན་ཏེ་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས་སུ། ད་ལོའི་དབྱར་གསེང་སྐབས་ཀྱི་ཕྱི་ཡོང་བོད་རིགས་སློབ་མ་དང་ཁོ་ཚོའི་སློབ་སྦྱོང་གི་གནས་སྟངས་སྐོར་ལ་སྐད་ཆ་དྲིས་པར། བསོད་ནམས་སྲིད་ཆོས་ལགས་ཀྱིས། ད་ལོར་དྷ་སྟེང་བོད་ཁྱིམ་དུ་ཕྱི་རྒྱལ་གྱི་བོད་རིགས་སློབ་ཕྲུག་ ༨༤ ཡོང་ཡོད་པ་དང་། ཁོ་ཚོ་ཚང་མ་རང་ལོ་ ༡༠ ནས་ ༡༧ བར་ཡིན་པ་དང་། སློབ་ཕྲུག་གཉིས་ཕུད་གཞན་ཚང་མའི་ཕ་མ་བོད་པ་ཤ་སྟགས་ཡིན་འདུག ད་ལོ་ནི་ཕྱི་རྒྱལ་གྱི་བོད་པའི་སློབ་ཕྲུག་ཚོར་བོད་སྐད་ཡིག་རིག་གཞུང་ངོ་སྤྲོད་བྱེད་ཐེངས་ ༡༢ བ་དེ་ཆགས་ཡོད་པ་དང་། ད་རེས་ཀྱི་ལས་འཆར་གཙོ་བོ་ཁག་ནི། སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རྒྱལ་རབས། ནང་ཆོས་དང་བཟང་སྤྱོད། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། རི་མོ། བོད་པའི་ཟས་རིགས། ལུས་སྦྱོང་དང་རླུང་སྦྱོར། རྩེད་རིགས། བཞུགས་སྒར་ཉེ་ཁུལ་གྱི་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་སློབ་ཁག་དང་དགོན་སྡེ་ཁག སྨན་ཁང་ཁག་བཅས་སུ་ལྟ་སྐོར་བྱ་རྒྱུ། དེ་བཞིན། བོད་སྐད་ཡིག་རིག་གཞུང་གི་མཁས་དབང་གདན་འདྲེན་ཞུས་ཏེ་བགྲོ་གླེང་སོགས་བྱེད་བཞིན་ཡོད་པ་དང་། ལས་རིམ་དེ་དག་ཟླ་འདིའི་ཚེས་ ༣ ཉིན་ནས་མགོ་འཛུགས་གནང་བ་ཡིན་འདུག

སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་སྟངས་སྐོར་ལ་ཁོང་གིས། ལོ་རེ་བཞིན་ཕར་ཕྱོགས་ནས་འདི་གར་བཏང་ཡོང་བའི་སློབ་མའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་འདུག དེར་བལྟས་ན། འདི་གར་ཟླ་གཅིག་རིང་བོད་སྐད་ཡིག་རིག་གཞུང་ངོ་སྤྲོད་དང་སློབ་ཁྲིད་བྱས་པ་དེས་ཏན་ཏན་ཕན་གྱི་ཡོད་ས་རེད། སློབ་ཕྲུག་ཚོའི་ཕ་མ་ཚོ་ཡང་ཡིད་ཚིམ་གྱི་འདུག འདི་ག་བོད་ཁྱིམ་སློབ་གྲྭ་ནི་སློབ་གྲྭ་རང་གི་རྣམ་པ་མ་ཡིན་པར་ཁྱིམ་ཚང་གི་རྣམ་པར་ཡོད་སྟབས། སློབ་ཕྲུག་ཚོར་ཟ་མ་བཟོ་སྟངས་དང་གོམ་པ་བཀྲུ་སྟངས་སོགས་ཁྱིམ་ལས་སྐོར་ནས་ཉམས་མྱོང་ཡག་པོ་འཐོབ་ཀྱི་འདུག ཐོག་མར་སླེབས་དུས་སློབ་ཕྲུག་མང་ཆེ་བས་དབྱིན་སྐད་དབྱིན་ཡིག་མ་གཏོགས་བོད་ཡིག་བོད་སྐད་ཤེས་ཀྱི་མི་འདུག འདིར་ཟླ་བ་གཅིག་རིང་སློབ་སྦྱོང་བྱས་པའི་རིང་ལ། ཁོ་ཚོ་མང་ཆེ་བའི་བོད་སྐད་བོད་ཡིག་གང་འཚམ་བཤད་ཐུབ་པ་ཆགས་ཀྱི་འདུག ཟླ་བ་གཅིག་དེའི་རིང་ལ་བོད་སྐད་ཡག་པོ་བཤད་མི་ཐུབ་ནའང་གོ་བརྡ་ཡག་པོ་འཕྲོད་ཀྱི་འདུག ཁོ་རང་ཚོ་མཉམ་དུ་འཛོམས་དུས་དབྱིན་སྐད་གཅིག་པུ་བཤད་ཀྱི་འདུག དེ་ལ་སྟངས་འཛིན་བྱ་རྒྱུ་ཁག་པོ་འདུག དེ་མིན་སློབ་གྲྭའི་ཁྱིམ་ཚང་ནང་བོད་སྐད་བཤད་འཇུག་གི་ཡོད། ཕྱི་རྒྱལ་གྱི་བོད་མི་ཚོས་ཁྱིམ་ཚང་ནང་དབྱིན་སྐད་མ་གཏོགས་བོད་སྐད་བཤད་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ། ཕྱི་རྒྱལ་དུ་ཕ་མ་དང་བུ་ཕྲུག་མང་ཆེ་བ་ལས་བྲེལ་ཆེ་བས། གཟའ་མཇུག་ཙམ་མ་གཏོགས་མཉམ་འཛོམས་མཉམ་སྡོད་ཀྱི་ཆུ་ཚོད་མེད་པའི་རྐྱེན་གྱིས་རེད་བསམ་གྱི་འདུག ཅེས་ཟེར།

དྷ་སྟེང་བོད་ཁྱིམ་དུ་ཕྱིན་ཏེ་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས།

བོད་སྐད་བོད་ཡིག་ཤེས་མཁན་གྱི་འཛིན་གྲྭའི་དགེ་རྒན་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ངའི་འཛིན་གྲྭར་ཡོང་མཁན་སློབ་ཕྲུག་ ༢༥ འདུག ངའི་འཛིན་གྲྭར་ཡོང་མཁན་ཚོས་བོད་ཡིག་བོད་སྐད་ཅུང་ཙམ་ཤེས་ཀྱི་འདུག ཡིན་ནའང་སོ་སོའི་སེམས་ནང་ནས་གང་བཤད་འདོད་པ་དེ་ཚང་མ་བོད་སྐད་ནང་བཤད་ཤེས་མཁན་གཅིག་ཀྱང་མི་འདུག བོད་ཡིག་བོད་སྐད་སྦྱོང་འདོད་ཡོད་མཁན་སློབ་མ་རེ་གཉིས་འདུག ངས་ཁོ་ཚོར་དོ་འཁུར་ཆེན་པོས་ཤོད་ཀྱི་ཡོད། དེ་མིན་སློབ་མ་མང་པོ་ཞིག་གིས་ཁོ་ཚོ་འདི་གར་གུང་གསེང་ལ་ཡོང་བ་ཡིན་བསམ་ནས་སློབ་ཁྲིད་ལ་ཁྱོན་ནས་ཉན་གྱི་མི་འདུག འཛིན་གྲྭའི་ནང་ཕན་ཚུན་ལ་སྐད་ཆ་ཤོད་ནས་སྡོད་པ་དང་། འཛིན་གྲྭའི་ཕྱི་ལོགས་སུ་སོང་ནས་སྡོད་ཀྱི་འདུག སློབ་མ་རེ་འགའ་བོད་སྐད་བཤད་རྒྱུ་དང་དགེ་རྒན་ལ་སྐད་ཆ་འདྲི་རྒྱུར་འཚེར་སྣང་ཡོང་གི་ཡོད་ས་རེད།

ངའི་འཛིན་གྲྭའི་སློབ་མ་ཅུང་ལེགས་པོ་འདུག འཛིན་གྲྭ་ཁ་ཤས་ཀྱི་སློབ་ཕྲུག་ཚོས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་གྱི་མི་འདུག ཁོ་རང་ཚོ་ཕྱོགས་གཅིག་ཏུ་འཛོམས་ནས་སྐད་ཆ་ཤོད་སྡོད་པ་དང་། སློབ་མ་རེ་འགའ་རྐུབ་སྟེགས་སྟེང་ཉལ་ནས་སྡོད་ཀྱི་འདུག ཅུང་ནན་པོ་བྱས་ན་ཉོབ་ཀྱི་ཡོད་ས་རེད། ཐོག་མ་དོ་སྣང་ཞེ་དྲགས་མེད་ནའང་ག་ལེར་དོ་སྣང་སྤྲོད་ཀྱི་འདུག འཛིན་གྲྭ་གཞན་པའི་དགེ་རྒན་གྱིས་ཐོག་མར་ནག་པང་སྒང་ལ་བོད་ཡིག་བྲིས་ནས་སློབ་ཁྲིད་བྱས་ཀྱང་། སློབ་མ་ཚོས་མགོ་མ་ཚོས་སྟབས་འུ་ཐུག་ནས་བོད་ཡིག་གི་སྒྲ་གདངས་དབྱིན་ཡིག་ནང་བྲིས་ཏེ་སློབ་ཁྲིད་བྱེད་ཀྱི་འདུག

ང་ཚོར་ཉིན་གཅིག་ལ་ཚོགས་ཐུན་ལྔ་ལྷག་ཡོད་པ་དང་། ཚོགས་ཐུན་དང་པོ་དེ་ནང་ཆོས། ཚོགས་ཐུན་གཉིས་པ་བོད་སྐད་ཡིག ཚོགས་ཐུན་གསུམ་པ་རྩེད་རིགས། ཚོགས་ཐུན་བཞི་བ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ངོ་སྤྲོད། ཚོགས་ཐུན་ལྔ་བ་བོད་ཀྱི་ཡིག་གཟུགས་སྦྱོང་བ་དང་། རི་མོ་སྦྱོང་བ། བོད་པའི་ཟ་མ་བཟོ་སྟངས་སྦྱོང་བ་དང་། ཞོགས་པར་རླུང་སྦྱོར་སྦྱོང་བ་དང་ཞལ་འདོན་འདོན་གྱི་ཡོད་པ་རེད། སློབ་ཐུན་དེ་ཚོར་སློབ་ཕྲུག་ཁོ་རང་ཚོའི་འདོད་པ་ལྟར་འགྲོ་ཡི་ཡོད་པ་རེད། ཅེས་བརྗོད་སོང་།

ཕྱི་ཡོང་སློབ་ཕྲུག་དང་བོད་ཁྱིམ་སློབ་ཕྲུག་ཚོའི་བར་གྱི་ཁྱད་པར་སྐོར་ལ་ཁོས། ང་ཚོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོ་དང་བསྡུར་ན། ཕྱི་ཡོང་སློབ་མ་ཚོར་རང་དོན་གྱི་བསམ་བློ་ཤུགས་ཆེན་པོ་འདུག དཔེར་ན། འཛིན་གྲྭའི་ནང་དགེ་རྒན་གྱིས་ནང་ལས་ག་རེ་སྤྲད་པ་ཡིན་ན། དེ་ཏག་ཏག་བྲིས་ཡོང་བ་དང་། འཛིན་གྲྭའི་ནང་དགེ་རྒན་གྱིས་གང་ལབ་པ་དེ་ཡག་པོ་སྦྱོང་གི་འདུག བོད་ཁྱིམ་སློབ་ཕྲུག་ཚོར་ནན་པོ་བྱས་ནའང་ཡོང་གི་མི་འདུག སྤྱིར་ང་ཚོ་བོད་པའི་ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་སློབ་སྦྱོང་ཐོག་ལ་དོ་སྣང་བྱེད་ཀྱི་མི་འདུག ང་རང་དགེ་རྒན་བྱས་པའི་ལོ་ངོ་འདི་དག་གི་རིང་ལ། སོ་སོའི་བུ་ཕྲུག་གི་སློབ་སྦྱོང་གི་གནས་སྟོང་འདྲི་མཁན་ཕ་མ་གཅིག་ཀྱང་མི་འདུག བོད་སློབ་ཁག་གི་སློབ་ཕྲུག་མང་ཆེ་བ་དབྱིན་ཡིག་དང་རྒྱ་གར་སྐད། ཨང་རྩིས་དང་ཚན་རིག་བཅས་ལ་ཡག་པོ་ཡོད་ནའང་བོད་ཡིག་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པ་རེད། ཅེས་བརྗོད་སོང་།

སློབ་ཕྲུག་བུ་མོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། ང་རང་ལོ་ ༡༤ ཡིན། ང་ཨ་རིའི་མངའ་སྡེ་མི་ན་སོ་ཊར་བསྡད་ཡོད། ང་ཨ་རིར་ཡོད་སྐབས་གཟའ་སྤེན་པ་རྟག་པར་བོད་ཡིག་འཛིན་གྲྭར་སོང་ནས་བོད་ཡིག་སྦྱོང་གི་ཡོད། ངས་སློབ་གྲྭ་དང་ནང་ལ་དབྱིན་སྐད་རྒྱག་ཡོད། འདི་གར་བོད་ཡིག་ཡག་པོ་ལབ་ཀྱི་འདུག ངས་བོད་ཡིག་བོད་སྐད་ཤེས་ཀྱི་ཡོད། ཅེས་ཟེར།

སློབ་བུ་བསྟན་འཛིན་འཆི་མེད་ལགས་ཀྱིས། ང་རང་དྷ་སར་སྐྱེས་པ་དང་ ༢༠༠༨ ལོར་ཕ་མ་དང་མཉམ་དུ་སུད་སིར་སོང་ཡིན། ངའི་ཨ་ཕས་སྔོན་ཆད་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཀ་བྱས་པ་རེད། ཁོ་རང་བོད་ཡིག་ཡག་པོ་ཡོད་སྟབས་ང་ལ་བོད་ཡིག་ལབ་པ་རེད། འདི་གར་ཡོང་བའི་སློབ་ཕྲུག་མང་ཆེ་བས་བོད་སྐད་བོད་ཡིག་མི་ཤེས་པ་དེ་སློབ་མ་རང་རང་སོ་སོས་ཡག་པོ་མ་སྦྱང་བ་རེད་བསམ་གྱི་འདུག ཅེས་ཟེར།

དྷ་སྟེང་བོད་ཁྱིམ་དུ་ཡོང་བའི་བོད་རིགས་སློབ་ཕྲུག་ ༨༠ གྲས་ནས་བོད་སྐད་ཡིག་འབྲི་ཀློག་ཐུབ་མཁན་གྱི་འཛིན་གྲྭ་གཅིག་དང་། བོད་སྐད་གོ་མཁན་གྱི་འཛིན་གྲྭ་གཅིག བོད་སྐད་བོད་ཡིག་གང་ཡང་མི་ཤེས་མཁན་གྱི་འཛིན་གྲྭ་གཅིག་བཅས་སུ་བགོས་ཏེ་སློབ་ཁྲིད་བྱེད་ཀྱི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༣༡

Leave a Reply

3 thoughts on “ཨ་རི་དང་ཡུ་རོབ་ནས་རྒྱ་གར་ལ་བོད་སྐད་བོད་ཡིག་འཚོལ་དུ་ཡོང་བའི་བོད་ཕྲུག

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་སྐད་ཡིག་ནི་བོད་མིའི་འབྱུང་ཁུང་ཡིན་ལ་ངོ་སྤྲོད་ཡང་ཡིན་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབས་བྱ་རྒྱུ་བོད་མི་མཐོ་དམའ་ཚང་མས་ལས་འགན་ཡིན་ལ་སྐད་ཡིག་སྲུང་སྐྱོབས་ཐུབ་པའི་ལས་འགུལ་ངོ་མ་ནི་བོད་མི་རིགས་སྲུང་སྐྱོབས་བྱ་རྒྱུ་དེ་ཡིན་པ་དང་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྔོན་འཐོན་བྱས་ནས་འགྲོ་དགོས་པ་དང་སྐད་ཡིག་སྲུང་སྐྱོབས་དེ་རྗེས་ནས་འགྲོ་དགོས་པ་ལས་བོད་མི་རིགས་འཛམ་གླིང་ནང་བྱ་སྤུ་རི་ལ་གཏོར་བ་ནང་དུ་བསྡད་ནས་བོད་ཀྱི་སྐད་ཡིག་ལ་ཟླ་བཞག་ཁ་ཤས་ནང་སློབ་འཁྲིད་ཟེར་བ་དེ་ལས་བསྡོམས་ནང་འགོད་རྒྱུ་ཅམ་ལས་དོན་དངོས་ལག་ལེན་དུ་སྨིན་རྒྱུ་མེད་པའི་ནམ་ལངས་སྒྲུང་གི་མི་འཁྱོལ་ཟེར་བ་དེ་མ་རེད་དམ་?