ལོ་ངོ་ ༧༠ གོང་གི་ཨཱན་ནཱེ་ཧྥི་རཱན་ཁི་དང་ཁོ་མོའི་ཉིན་ཐོ།

༢༠༡༧ ལོ་ནི་ཨཱན་ནཱེ་ཧྥི་རཱན་ཁི་(Anne Frank)ཡི་ཉིན་ཐོ་དཔེ་སྐྲུན་བྱས་ཏེ་ངོ་ལོ་ ༧༠ འཁོར་བའི་ལོ་ཡིན། དེ་ནི་ངོ་ལོ་ ༡༣ ཅན་ཀྱི་བུ་མོ་ཆུང་ཆུང་ཞིག་གིས་འཇར་མན་གྱི་ནཱ་ཛི་ཡི་སྲིད་དབང་གདུག་རྩུབ་ཅན་དེའི་འོག་ཏུ། གསོན་བསྲེགས་དང་སྡེབ་གསོད་བྱེད་བཞིན་པའི་དུས་སྐབས་སུ་བྲིས་པ་ཞིག་ཡིན་པ་དང་། ང་ཚོས་ཁོ་མོའི་ཉིན་ཐོ་ལས་ཆེས་ཡིད་སེམས་གཡོ་བའི་སྐད་ཆ་ཁ་ཤས་ལ་ཕྱིར་དྲན་བྱེད།

རྒྱ་གར་ཧིན་རྡི་དུས་བབ་ཀྱིས་ ༢༠༡༦།༧།༢༧ ཉིན་སྤེལ་བའི་གནས་ཚུལ། ༡༩༤༢ ལོའི་ཟླ་ ༦ པའི་ནང་ཁོ་མོ་དང་ནང་མི་ཚོ་ཡུ་རོབ་ཀྱི་(Amsterdam)ཞེས་པའི་ས་གནས་དེར་བསྡད་ཡོད། ཁོ་མོས་རང་གི་སྐྱེས་སྐར་ལ་མཚོན་མདོག་དམར་ཁྲས་གཏིམ་པའི་ཉིན་ཐོ་ཞིག་ལེགས་སྐྱེས་སུ་གྲ་སྒྲིག་བྱས་ཡོད་པ་དང་། ཁོ་མོས་ཀྱང་ཉིན་ཐོ་དེ་ནམ་ཞིག་འཛམ་གླིང་གི་མི་མང་ས་ཡ་མང་པོས་བཀླག་རྒྱུ་ཡིན་པ་ཅུང་ཙམ་ཤེས་རྟོགས་བྱུང་ཡོད་པ་འདྲ།

ཟླ་བ་རྗེས་མ་ནས་ཨཱན་ནཱེ་དང་ཁོ་མོའི་ནང་མི་ཚོ་ནཱ་ཛི་ཡི་ལག་ཏུ་ཤོར་རྒྱུར་བཀབ་སྦས་ཆེད་བྲོས་བྱོལ་དུ་ཕྱིན་ཡོད། ཁོ་ཚོས་ཇུའུ་མི་རིགས་ཚང་མ་གསོན་བཟུང་བྱས་ཏེ་དམར་གསོད་བྱེད་སའི་དམག་སྒར་དུ་ཁྲིད་ཀྱི་ཡོད། སྐབས་དེར་ཨཱན་ནཱེ་དང་ནང་མི་ཚོ་བཀབ་སྦས་བྱེད་ཡུལ་ནི་ཁོ་མོའི་ཨ་ཕ་ཨོ་ཊོ་(Otto)ཡི་ལས་ཁུངས་ནང་ཡིན་པ་དང་། ཁོ་ཚོ་དང་མཉམ་དུ་ནང་མི་གཞན་ཞིག་ཀྱང་ལས་ཁུངས་དེར་བཀབ་སྦས་བྱས་ཡོད། ཁོ་ཚོ་ཨོ་ཊོ་ཡི་ལས་ཁུངས་ནས་ལས་ཀ་གཉེར་རོགས་བྱས་ཏེ་ལོ་ངོ་གཉིས་ལྷག་ལ་བསྡད་པ་རེད། ཨཱན་ནཱ་ཡིས་རང་གི་བཀབ་སྦས་ཀྱི་མྱོང་བ་དང་ཉིན་རེའི་འཆར་སྣང་དག་ཞིབ་རྒྱས་སུ་ཉིན་ཐོར་ཕབ་ཡོད། ཁོ་མོས་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་མི་མང་པོ་མཉམ་དུ་སྡོད་རྒྱུར་བཀའ་ངལ་ཡོད་པ་དང་། དེ་བཞིན། ཉིན་དཀར་ཁོ་ཚོས་སྐད་ཆ་སོགས་བཤད་མི་ཕོད་པར་ཁུ་སིམ་པོར་གང་འདྲ་བསྡད་པ་སོགས་བྲིས་ཡོད།

གང་ལྟར་ཀྱང་། ༡༩༤༤ ལོའི་ཟླ་ ༨ པའི་ནང་ནཱ་ཛེ་དམག་མིས་ཁོ་ཚོ་བཀབ་སྦས་བྱེད་ཡུལ་ཧ་གོ་སྟེ། ཁོ་ཚོ་མི་བརྒྱད་པོ་འཛིན་བཟུང་བྱས་ཏེ་བཙོན་སྒར་དུ་ཁྲིད་ཡོད། ཨཱན་ནཱེ་ ༡༩༤༥ ལོའི་ཟླ་ ༣ པ་མ་ཟིན་ཙམ་ཞིག་ལ་(Bergen-Belsen)ཞེས་པའི་བཙོན་ཁང་ནས་གྲོངས། སྐབས་དེར་ཁོ་མོ་ཟླ་ཁ་ཤས་ལས་ལོ་ ༡༦ ཟིན་གྱི་ཡོད། མི་བརྒྱད་ཀྱི་ནང་དུ་ཁོ་མོའི་ཨ་ཕ་གཅིག་པུ་གསོན་པོར་ཕྱིར་འབུད་ཐུབ་ཡོད་པ་དང་། ཁོ་བོ་ཕྱིར་བསླེབས་རྗེས་ཨཱན་ནཱེ་ཡི་ཉིན་ཐོ་དེ་དེབ་གཟུགས་སུ་དཔར་བསྐྲུན་བྱས། ཁོ་མོའི་ཉིན་ཐོ་དེ་མཱེ་པུ་(Miep)ཞེས་པའི་བུད་མེད་ཅིག་གིས་ཉར་ཚགས་བྱས་ཏེ་སྐྱོབ་ཐུབ་ཡོད། ཨཱན་ནཱེ་ལ་རྩོམ་པ་པོ་ཞིག་བྱ་འདོད་ཡོད་པའི་རྨི་ལམ་དེ་སྐོང་ཆེད་ཁོང་མོའི་ཉིན་ཐོ་དེ་དག་ཉར་ཚགས་བྱས་པ་ཡིན་འདུག

ཨཱན་ནཱེ་ཡིས་ “ང་ཤི་བའི་རྗེས་སུ་མུ་མཐུད་འཚོ་གནས་བྱ་འདོད།” ཅེས་བརྗོད་ཡོད་ལ། དེ་ནི་ཏག་ཏག་དེ་རིང་ད་དུང་མངོན་འགྱུར་བྱུང་ཡོད་པ་རེད།

དེ་རིང་ཨཱན་ནཱེ་ཡི་ཉིན་ཐོ་ནི་ཁ་ཆེམས་ཤིག་ཏུ་གྱུར་ཡོད་ལ། མུན་ནག་གི་དུས་ཚོད་དེར་ཅུང་ཙམ་མ་གཏོགས་འཛམ་གླིང་ཧྲིལ་བོ་གདུག་སྤྱོད་ཀྱི་དབང་འོག་ཏུ་ཚུད་ཟིན་པའི་དྲན་སྐུལ་བླ་མེད་ཅིག་ཀྱང་ཆགས་ཡོད། དེར་བརྟེན། ༢༠༡༧ ལོ་ནི་ཁོ་མོའི་ཉིན་ཐོ་དེབ་གཟུགས་སུ་དཔར་སྐྲུན་བྱས་ཏེ་ལོ་ངོ་ཧྲིལ་བོ་ ༧༠ འཁོར་བའི་དུས་དྲན་གྱི་ལོ་ཡིན་ལ། ཁོ་མོའི་ཉིན་ཐོའི་ནང་གི་ཆེས་ཡིད་འགུལ་ཐེབས་པའི་དོན་ཚན་ཁག་ཅིག་འདིར་བཀོད་ཡོད། དེ་ནི་མི་སྒེར་གཅིག་གི་མི་ཚེའི་སྣང་ཚུལ་དེ་འཛམ་གླིང་ཧྲིལ་བོའི་སྣང་ཚུལ་ཞིག་ཏུ་གྱུར་བ་དང་། བུ་མོ་ལོ་ཆུང་ཞིག་གིས་འཛམ་གླིང་གི་གནས་ཚུལ་ལ་རྟོགས་སད་བྱུང་བ་དེར་བསྟོད་བསྔགས་བྱ་འོས་པ་ཞིག་ཆགས་ཡོད།

༡། བུད་མེད་ལ་ཡང་སྐྱེས་པ་བཞིན་གུས་བརྩི་ཡག་པོ་བྱེད་དགོས། སྤྱིར་བཏང་གི་བཤད་ཚུལ་ལ། འཛམ་གླིང་གི་ས་ཕྱོགས་གང་ཞིག་ཡིན་ཡང་སྐྱེས་པ་ཚོ་དབང་ཐང་ཆེན་པོ་ཡོད་ན་ཡང་། བུད་མེད་ཚོས་ཅིའི་ཕྱིར་རང་ཉིད་ཀྱིས་འདོད་པ་ལྟར་བྱས་མ་ཆོག་པ་རེད། དམག་མི་དང་དམག་འཁྲུག་སྐབས་ཀྱི་དཔའ་བོ་ཚོར་ཆེ་བསྟོད་དང་རྗེས་དྲན་བྱེད་པ་དང་། ཁོ་ཚོའི་མཚན་སྙན་དེ་དུས་ནམ་ཡང་ནུབ་རྒྱུ་མེད་པ་ཞིག་ཡིན་ན་ཡང་། མི་ག་ཚོད་ཅིག་གིས་བུད་མེད་ཀྱིས་དམག་མི་ལྟར་ལས་དོན་གཉེར་ཐུབ་པར་འདོད་ཀྱི་ཡོད་དམ།

༢། མི་ཚང་མས་ནང་སེམས་སུ་གཏམ་བཟང་རེ་སྦྲུམ་ཡོད། འོན་ཀྱང་ཁྱེད་ཀྱིས་རང་ཉིད་ཅི་འདྲའི་རླབས་ཆེན་ཞིག་ཏུ་འགྱུར་ཐུབ་མིན་དང་། ཁྱེད་ཀྱིས་གཞན་ལ་ག་ཚོད་བྱམས་བརྩེ་སྤྲོད་མིན། ཁྱེད་ཀྱི་རྨི་ལམ་ཡོངས་རྫོགས་ལེགས་འགྲུབ་བྱུང་ཐུབ་མིན་སོགས་ངེས་བརྟན་མེད་པ་ཞིག་རེད།

༣། འདི་ལྟ་བུའི་དུས་ཚོད་ཅིག་ལ་ང་ཚོར་མཚོན་ན། རང་གི་བསམ་གཞིག་དང་རྨི་ལམ་རེ་གཞག་མཐའ་དག་ལ་རང་ངོས་ནས་གཅེས་སྐྱོང་བྱ་རྒྱུ་ཧ་ཅང་ཁག་པོ་དང་། གདུག་རྩུབ་དང་དྲག་སྤྱོད་ཁོ་ནས་དོན་དངོས་བསྒྲིབས་ནས་ཡོད་ན་ཡང་། ཡ་མཚན་པ་ཞིག་ལ་ངས་ད་དུང་རང་གི་བསམ་གཞིག་དང་རྨི་ལམ་དོར་མེད། དེ་དག་ནི་སྙིང་བོ་མེད་པ་དང་ལག་ལེན་དུ་བསྟར་མི་ཐུབ་ཞིག་ཡིན་ཡང་། ངས་སྔར་བཞིན་དེ་དག་ལ་གཅེས་སྤྲས་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཡོད་ཚད་སྡང་སེམས་ཀྱི་ནང་དུ་ཡོད་པའི་སྐབས་འདིར། འགྲོ་བ་མིའི་དོན་དངོས་རང་བཞིན་ནི་སེམས་བཟང་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

༤། ང་ཚོར་རང་གི་བསམ་ཚུལ་ཙམ་ཡང་བཤད་དབང་མི་འདུག མི་ཚོས་ཁྱོད་ལ་ཁ་འཚུམ་ནས་སྡོད་གཅིག་པོ་བཤད་ཐུབ་ཀྱི་འདུག ཡིན་ན་ཡང་། དེ་ཡིས་ཁྱོད་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་པ་བཀག་འགོག་བྱེད་ཐུབ་པ་མ་རེད། ཁོ་ཚོས་མི་ཚོའི་སྐད་ཆ་འགོག་ཐུབ་ན་ཡང་བསམ་གཞིག་གཏོང་རྒྱུ་འགོག་ཐུབ་པ་མ་རེད།

༥། མི་སུ་ཞིག་གིས་ཀྱང་འཛམ་གླིང་འདི་ཡར་རྒྱས་གཏོང་རྒྱུ་མགོ་ཚུགས་པར་སྐད་ཅིག་ཙམ་ཡང་སྒུག་མི་འདོད་པ་ནི་ཇི་འདྲའི་ངོ་མཚར་སྐྱེས་བ་ཞིག་རེད་ཨང་།

༦། སྔོན་ཆད་ག་རེ་བྱས་ཟིན་པ་དེ་འདས་ཟིན་པས་གང་ཡང་བྱ་རྒྱུ་མེད་པ་རེད། ཡིན་ན་ཡང་། ང་ཚོས་དེ་དག་བསྐྱར་དུ་མི་འབྱུང་བར་སྔོན་འགོག་བྱེད་ཐུབ་པ་རེད།

༧། ངས་ཐབས་སྡུག་པའི་གནས་སྟངས་ལ་བསམ་བློ་གཏོང་གི་མེད་པར། ད་ལྟ་ད་དུང་ཤུལ་དུ་ལྷག་ཡོད་པའི་མཛེས་སྡུག་དེར་བསམ་བློ་གཏོང་གི་ཡོད།

༨། སུ་ཞིག་གིས་ང་ཚོ་ཇུའི་ཤི་བ་ཚོ་མི་གཞན་ལས་ཁྱད་པར་བ་ཞིག་བཟོས་པ་རེད་དམ། སུ་ཞིག་གིས་ང་ཚོ་ད་ལྟའི་བར་དུ་དཀའ་སྡུག་གི་ནང་དུ་གཡུག་པ་རེད་དམ། དེ་ནི་དཀོན་མཆོག་ཡིན་པ་དང་། དཀོན་མཆོག་གིས་ད་ལྟ་ང་ཚོ་ག་རེ་ཡིན་པ་དེ་བཟོས་པ་རེད། ཡིན་ན་ཡང་། ཁོང་ནི་དཀོན་མཆོག་ཡིན་པས། ཁོང་གིས་ང་ཚོ་སྔར་བཞིན་ཡར་ལངས་ཐུབ་པ་བྱེད་ཀྱི་རེད། ང་ཚོ་ནི་དུས་ནམ་ཡང་ནཱ་དྷིར་ལཱན་ཌི་བ་རུ་འགྱུར་མི་སྲིད་ལ། དབྱིན་ཇི་བ་རུ་ཡང་འགྱུར་མི་སྲིད། ང་ཚོ་རྒྱལ་ཁབ་སུ་གང་གི་འཐུས་ཚབ་དུ་འགྱུར་མི་སྲིད་པར་ང་ཚོ་ནི་ནམ་ཡང་ཇུའུ་ཤི་བ་ཡིན། དེ་ནི་ང་ཚོས་འདོད་པ་ཡང་ཡིན།

༩། ཇི་སྲིད་ཉི་འོད་དང་སྤྲིན་པ་བྲལ་བའི་ནམ་མཁའ་གནས་གྱུར་ན། ང་ཡང་མི་རིང་བར་དེ་དག་ལ་རོལ་ཐུབ་ངེས་ཡིན་པས། ང་ག་རེ་བྱས་ཏེ་སྐྱོ་དགོས་པ་ཡོད་དམ།

༡༠། ངས་རང་གིས་ག་རེ་འདོད་པ་དེ་ཤེས་ཀྱི་ཡོད། ང་ལ་རྨི་ལམ་ཡོད། བསམ་ཚུལ་ཡོད། ང་ལ་ཆོས་ལུགས་དང་བརྩེ་བ་ཡོད། ང་ནི་ང་རང་ཡིན་པར་འདོད་པ་ཚིམ་ཡོད། ངས་རང་ཉིད་བུད་མེད་ཅིག་ཡིན་པ་ཤེས་ཀྱི་ཡོད་ལ། བུད་མེད་ནུས་ཤུགས་སྟོབས་ཅན་ཞིག་དང་སེམས་ཤུགས་ཆེན་པོ་ཅན་ཞིག་ཡིན་པའང་ཤེས་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༠༡

Leave a Reply

2 thoughts on “ལོ་ངོ་ ༧༠ གོང་གི་ཨཱན་ནཱེ་ཧྥི་རཱན་ཁི་དང་ཁོ་མོའི་ཉིན་ཐོ།

  1. གོང་གསལ་ཡིད་སེམས་སྒུག་པའི་ལོ་ཆུང་བུ་མོ་ཞིག་གི་ཉིན་ཐོའི་ནང་དོན་དང་སྐབས་དེའི་གནས་སྟངས་སོགས་པས་རང་རེའི་གཞོན་སྐྱེས་མང་པོ་ཞིག་ལ་ཡང་འཚོ་བ་མི་འདྲ་བ་ཞིག་སྟེར་ངེས་ཡིན་འདུག་པས་ཉིན་ཐོ་དེ་དག་ལན་གཅིག་ཀློག་རྒྱུའི་འདུན་པ་ཞིག་ཡང་བྱུང་བའི་ངེས་པ་འདུག ཐུགས་རྗེ་ཆེ།

  2. དུས་བབ་ཚང་གི་གསར་འགྱུར་དག་ནི་བསད་སོང་དང་བཏུབ་སོང་ཙམ་ཞིག་མ་ཡིན་པར། གནས་ཚུལ་གཙོ་བྱས་ཟ་རྒྱུ་བསམ་རྒྱུ་དཔྱད་རྒྱུ་ཡོད་པར་འབྲི་བ་དེས་གསར་འགྱུར་ལ་ལྷག་ཏུ་དོན་སྙིང་ལྡན་པ་ཞིག་རེད། ཐུགས་རྗེ་ཆེ། ཚང་མས་ཧུར་བརྩོན་བྱ་རོགས།