དོན་འགྲུབ་ལགས་ཀྱི་སྐུ་ཕུང་གདན་འདྲེན་ཞུས་སོང་།

ད་ལྟ་རིང་དྷ་རམ་ས་ལར་རང་ལུས་མེར་བསྲེགས་གནང་མཁན་དོན་འགྲུབ་ལགས་ཀྱི་སྐུ་ཕུང་ཀང་ར་རྫོང་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་རྩིས་ལེན་བྱས་ཏེ་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་གདན་ཞུ་གནང་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༥༠ སྟེང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས། ནོར་གླིང་འགན་འཛིན་དང་ལས་བྱེད་བཅས་ཚང་མ་མཉམ་རུབ་ཀྱིས། ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དྷ་སའི་གླིང་སྐོར་ལམ་དུ་རང་ལུས་མེར་བསྲེགས་གནང་མཁན་དོན་འགྲུབ་ལགས་ཀྱི་སྐུ་ཕུང་ཀང་ར་རྫོང་ཉེན་རྟོག་ཁང་ནས་རྩིས་ལེན་གྱིས། གངས་སྐྱིད་བདེ་ལེགས་སྨན་ཁང་གི་འཁྲིས་ཀྱི་ཕུང་འཇོག་ཁང་དུ་གདན་འདྲེན་ཞུས་སོང་།

སང་ཉིན་ཞོགས་པའི་ཆུ་ཚོད་ ༥ སྟེང་། དྷ་རམ་ས་ལའི་ལྷ་རྒྱལ་རིར་གདན་འདྲེན་ཞུས་ཏེ་མྱ་ངན་ཞུ་བའི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། དེའི་རྗེས་ཀྱི་ཆུ་ཚོད་ ༦།༣༠ སྟེང་དྷ་སྟེང་བོད་ཁྱིམ་ལམ་ཁའི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་ཞུ་རྒྱུ་ཡིན་འདུག

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་འགན་འཛིན་ཉི་མ་རྒྱལ་པོ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། “ ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་སྐོར་ལམ་དུ་སྐུ་ལུས་མེར་སྲེག་གནང་མཁན་དེ། ནོར་གླིང་ཤིང་ཚོན་སྡེ་ཚན་གྱི་ཚོན་གཏོང་བ་དོན་འགྲུབ་ལགས་ཡིན་པ། ཉེན་རྟོག་པས་ཁོང་གི་ལྭ་བ་དང་སྡོད་ཁང་གི་ལྡེ་མིག་ལས་ངོ་རྟགས་ཆོད་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༡ ཉིན་ཁོང་གི་སྐུ་ཕུང་རྩིས་ལེན་གྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་མཆོད་འབུལ་སྨོན་ལམ་འཚོགས་འཆར་ཡོད་ནའང་། ཉེན་རྟོག་པའི་ཞིབ་བཤེར་ལས་རིམ་གྱི་དབང་གིས། ནོར་གླིང་དུ་གནད་འདྲེན་ཞུ་ཐུབ་མ་སོང” ཞེས་ཟེར།

ཉི་མ་རྒྱལ་པོ་ལགས་ཀྱིས་ད་དུང་། ༢༠༡༢ ལོ་ནས་ད་ལྟའི་བར་དོན་འགྲུབ་ལགས་ཀྱིས་འདི་ག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་ནང་ལས་ཀ་ལས་ཡོད་པ་དང་། དེ་སྔོན་ཁོང་རྒྱ་གར་ནང་སྐྱབས་བཅོལ་དུ་སླེབས་ནས་སུ་ཇ་བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་ལག་ཤེས་སྡེ་ཚན་ནས་སློབ་སྦྱོང་བྱས་ཡོད་པ་དང་། ཁོང་གི་བོད་ཡིག་གི་ཤེས་ཚད་ཧ་ཅང་ཡག་པོ་འདུག ཁོང་གིས་དུས་རྒྱུན་དཔེ་ཆ་མང་པོ་ཀློག་གིན་འདུག ཁོང་སྐད་ཆ་མང་པོ་བཤད་རྒྱུར་དགའ་བོ་མེད་པར་ཁུ་སིམ་མེར་སྡོད་མཁན་ཞིག་རེད། ཁོང་གི་ཕ་ཡུལ་རྒྱལ་རྩེ་ནས་རེད་འདུག དེ་མིན་ཁོང་གི་ཕ་ཡུལ་གྱི་གནས་ཚུལ་གསལ་བོ་ཞིག་ཤེས་མ་སོང་། ཞེས་བརྗོད་སོང་།

དྷ་རམ་ས་ལར་རང་ལུས་མེར་བསྲེགས་གནང་མཁན་དོན་འགྲུབ་ལགས་ཀྱི་ལས་ཀ་བྱེད་ཡུལ།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༠༢

Leave a Reply

3 thoughts on “དོན་འགྲུབ་ལགས་ཀྱི་སྐུ་ཕུང་གདན་འདྲེན་ཞུས་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    དལ་འབྱོར་བརྟེན་བཟང་མི་ལུས་རིན་པོ་ཆེ་།
    ལན་གཅིག་སྙེད་ནས་ནང་པའི་བསྟན་དང་མཇལ་།
    དོན་མེད་ཆུད་བཟོས་མིན་པའི་བྱ་ལས་ལ་།
    ཉིན་ཚན་ཀུན་ཏུ་འབད་ནས་དོན་ཆེན་སྒྲུབ་།

    རང་བསྲེགས་བྱ་བ་རླབས་ཆེན་ཀུན་གྱིས་བསྟོད་།
    རང་བསྲེགས་བྱ་བ་བོད་མིའི་ལོ་རྒྱུས་ནང་།
    རང་བསྲེགས་བཏང་བའི་ལོ་རྒྱུས་མ་མཇལ་ཡང་།
    རང་བསྲེགས་བྱ་བས་དམིགས་ཡུལ་འགྲུབ་པ་ཤོག་།

  2. འབྲོང་བུ་སོག་ཚ།

    ཕལ་ཆེར་༧སྐྱབས་མགོན་རིན་པོ་ཆེའི་སྐུའི་སྲུང་བྱ་ཡག་པོ་མེད་རྐྱེན། རྒྱ་གར་གཞུང་དང་། བཙན་བྱོལ་སྒྲིག་འཛུགས་ལ་ཞི་བའི་ངོ་རྒོལ་གནང་བ་མིན་འགྲོ། གཞན་གཞིས་ལུས་བོད་མི་དང་བོད་ཀྱི་ལེགས་བྱང་སོགས་རྒྱ་དམར་གཞུང་གིས་བསམ་བཞིན་དུ་ཁྱད་སད་ཀྱིས་ཉམས་གུད་བཏང་དང་གཏོང་བཞིན་པ་སོགས་ལ་ཡིན་ན་རྒྱ་ནག་གཞུང་ཚབ་མདུན་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་སོགས་དོ་སྣང་ཆེ་སའི་ས་ཁུལ་ལ་གནང་བ་གོར་མ་ཆགས། དགོངས་དག་བསམ་ཚུལ་ཙམ་ཡིན།