སློབ་དཔོན་རོ་ཆེ་ཡིས་མཐོ་སྒང་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བ་མཁྱེན།

ཀིམ་ཇི་རིཀ་(Kim Jirik)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

ཨོ་སི་ཊོ་ལི་ཡའི་མི་རྒྱུད་རིག་པ་ཞིག་བོད་ཀྱི་ས་ཁུལ་ཁག་ཏུ་ཕེབས་ཏེ། ལྷག་བསམ་དང་འདུན་པ་དྲག་པོས་ཁུལ་དེའི་སྐད་ཡིག་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད། ཨོ་སི་ཊོ་ལ་ཡའི་གདོད་མའི་སྐད་རིགས་མང་པོ་རྩ་བརླག་ཏུ་ཕྱིན་པའི་ཤུགས་རྐྱེན་གྱིས་ལས་གཞི་དེ་དབུ་འཛུགས་གནང་བ་ཞིག་ཡིན།

མལ་བྷོན་གཙུག་ལག་སློབ་གྲྭའི་(University of Melbourne)ནང་གི་སློབ་དཔོན་ཇི་རོལ་རོ་ཆེ་(Gerald Roche)ཡི་ཡིག་ཚང་གི་དཔེ་སྒྲོམ་སྟེང་། ཐུམ་སྒྲིལ་དམ་པོར་བྱས་ཤིང་ཐམ་ཀ་བརྒྱབ་པའི་འོད་སྡེར་(minidiscs)ཆུང་བ་ཆག་པ་གཅིག་བཞག་འདུག

སློབ་དཔོན་རོ་ཆེ་ཡིས་ “སྐབས་དེར་(iPods)ཁྲོམ་རྭར་ཐོན་ཟིན་པས་མི་ཚང་མས་འོད་སྡེར་ཆུང་བ་བེད་སྤྱོད་མི་གཏོང་བར་ཕྱིར་གཡུག་གི་འདུག དེར་བརྟེན། ངས་ཆག་པ་ཞིག་ཉར་འཇོག་བྱས་པ་ཡིན།” ཅེས་གསུངས། འོད་སྡེར་དེ་དག་ནང་བརྙན་ལེན་སྒྲ་ཕབ་བྱས་པའི་མཐོ་སྒང་བོད་ཀྱི་སྐད་ཡིག་དང་། རྒྱུན་སྲོལ་ཁ་སྐད་འདྲ་མིན། རོལ་དབྱངས་སོགས་ཉར་ཚགས་གནང་ཡོད།

བོད་ཀྱི་ས་ཁུལ་དུ་འགྲིམ་འགྲུལ་གནང་བ་དེས་སློབ་དཔོན་རོ་ཆེ་མུ་འཐུད་ཁུལ་དེར་བཞུགས་པའི་སྤྲོ་བ་འཕེལ།

བོད་ཁུལ་གྱི་སྐད་རིགས་སྣ་མང་གི་རང་བཞིན་དེ་སློབ་དཔོན་རོ་ཆེ་ཐོག་མར་ཕེབས་སྐབས་མཁྱེན་རྟོགས་ཡོད་པ་ཞིག་མིན་ལ། སྐད་རིགས་དེ་དག་གཅེས་སྤྲས་རྒྱུད་འཛིན་གྱི་ལས་དོན་ལ་ཞུགས་པ་དེ་ཡང་ཁོང་གི་ཐོག་མའི་ཐུགས་འདུན་ཞིག་དེ་བས་མིན། ཁོང་རྒྱ་ནག་ཏུ་ཐོག་མར་གཟིགས་སྐོར་ལ་ཕེབས་ཏེ་རང་ཡུལ་དུ་ཕྱིར་ལོག་གནང་སྐབས། བོད་མཐོ་སྒང་དུ་འགྲིམ་འགྲུལ་བྱས་ཏེ་ཕྱིར་ལོག་བྱེད་པའི་ཨོ་སི་ཊོ་ལི་ཡའི་འཁྲུངས་ཡུལ་གཅིག་པ་ཞིག་ལམ་བར་དུ་མཇལ་འཕྲད་བྱུང་། མི་དེས་ཁོང་ལ་བོད་ཀྱི་ཡུལ་ལྗོངས་ཀྱི་མཛེས་སྡུག་དང་སྐད་ཡིག་རིག་གཞུང་སྐོར་གྱི་ལོ་རྒྱུས་མང་དག་ཅིག་འགྲེལ་བརྗོད་བྱས།

ཁོང་ཐེངས་རྗེས་མར་རྒྱ་ནག་ཏུ་བསྐྱོད་སྐབས། འཆར་སྣང་མི་འདྲ་བ་ཞིག་དང་ལྷན་དུ་དེ་སྔོན་ལོ་རྒྱུས་མང་པོ་གོ་ཐོས་བྱུང་བའི་ས་ཁུལ་དེར་ཕེབས། འོན་ཀྱང་ཁོང་ལ་ཡོད་པ་ནི་སྔར་གྱི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཙམ་ལས། རྒྱ་སྐད་དང་བོད་སྐད་གཉིས་ཀ་མཁྱེན་གྱི་མེད་པ་རེད། ཁོང་གིས་ “ང་རྒྱ་ནག་ཏུ་ཡོད་སྐབས་ཁྲིན་ཏུའུ་རུ་འགྲོ་འདོད་བྱུང་། ཁྲིན་ཏུའུ་ནི་བོད་ཀྱི་ས་ཁུལ་མང་པོར་འགྲོ་བའི་ས་ཚིགས་དེ་རེད།” ཅེས་དང་། “ངས་འགྲིམ་འགྲུལ་ལག་དེབ་ཀྱི་ནང་ནས་ཁྲིན་ཏུའུ་ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དེ་ཤོག་བུ་ཞིག་གི་སྟེང་བྲིས་ཏེ། མེ་འཁོར་གྱི་སྒེའུ་ཁུང་ལས་འགྲུལ་པ་རྣམས་ལ་བསྟན་པ་ཡིན།” གསུངས།

ཁོང་གིས་བོད་ཁུལ་གྱི་ས་ཁུལ་ཇི་ཙམ་མང་བ་འགྲིམ་པ་དེ་ཙམ་གྱིས་དགའ་ཞེན་ཆེ་རུ་ཕྱིན་པ་དང་། མི་རིང་བར་བོད་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་ཏུ་དབྱིན་ཡིག་སློབ་ཁྲིད་གནང་ནས་བཞུགས། འོན་ཀྱང་ཁོང་གི་མི་རྒྱུད་དཔྱད་ཞིབ་རིག་པའི་རྒྱབ་ལྗོངས་དེས་ཁུལ་དེའི་སྐད་རིགས་ལ་ཞིབ་འཇུག་དང་། བརྙན་ལེན་སྒྲ་ཕབ་གནང་བའི་འདུན་པ་འགོག་མེད་དུ་སྐྱེས། སློབ་དཔོན་རོ་ཆེ་ཡིས་ “ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་དང་མི་སྣ་ཐུག་འཕྲད། ཕན་ཚུན་འབྲེལ་ལམ་བཟོ་བ། ཁུལ་དེར་གནད་དོན་གང་ཞིག་འབྱུང་མིན་ཞིབ་པར་ཤེས་རྟོགས། བར་དུ་ལམ་འགྲོ་ཅི་ཞིག་འབྱུང་མིན་སོགས་ཀྱི་རྒྱུད་རིམ་ནི་ཧ་ཅང་རིང་པོ་ཞིག་རེད།” ཅེས་བརྗོད།

སྐད་རིགས་སྣ་ཚོགས་ཀྱིས་ཕྱུག་པའི་ཡུལ་ལྗོངས།

སློབ་དཔོན་རོ་ཆེ་ཡིས་བོད་ཁུལ་གྱི་སྐད་རིགས་བརྙན་ལེན་སྒྲ་ཕབ་ཀྱི་ལས་གཞི་དང་ཞིབ་འཇུག་དེར། ཁོང་གིས་སློབ་ཁྲིད་གནང་ཡུལ་མཐོ་རིམ་སློབ་གྲྭ་དེས་རོགས་རམ་ཞུས་ཡོད་པ་མ་ཟད། ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་ཤེས་ཡོན་དང་ཚན་རིག་རིག་གཞུང་(UNESCO)ཚན་པས་འགྲོ་གྲོན་རོགས་དངུལ་བཏང་ཡོད། འོན་ཀྱང་ལས་གཞི་དེ་བཞིན་ཐོག་མའི་ཆར་ཁོང་སྐུ་ཉིད་ཀྱིས་ཧུར་སྐྱེད་གནང་བ་ཞིག་ཡིན། ཁོང་གིས་ “ངས་ལས་གཞི་དེ་ཧ་ཅང་གལ་ཆེན་པོར་ངོས་འཛིན་བྱས་པ་ཡིན་ལ། རང་ཉིད་ཀྱིས་བྱེད་ཐུབ་པ་ཞིག་ཡིན་སྟབས་ལག་ལེན་ཡང་བྱས་པ་ཡིན།” ཞེས་གསུངས།

སློབ་དཔོན་རོ་ཆེས་སྐད་ཡིག་ཞིབ་འཇུག་གནང་སའི་ས་ཁུལ་ཁག་ཕྱོགས་སྟོན་གནང་བཞིན་པ།

ཁོང་གིས་དབྱིན་ཡིག་སློབ་ཁྲིད་དང་ལྷན་དུ་འབྲེལ་ཡོད་གནས་ཚུལ་མང་པོ་མཁོ་སྒྲུབ་གནང་ཐུབ་པ་བྱུང་ཡོད། གང་ལགས་ཤེ་ན། སློབ་ཕྲུག་ཚོས་དབྱིན་སྐད་ཐོག་ཕན་ཚུན་གཏམ་གླེང་བྱེད་སྐབས། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་གླེང་འཇུག་གི་ཡོད། ཐབས་ལམ་དེས་སློབ་ཕྲུག་ཚོར་དབྱིན་སྐད་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏོང་ཐུབ་པ་བྱུང་བ་མ་ཟད། གཏམ་གླེང་དོན་སྙིང་ལྡན་པ་ཡོང་གི་ཡོད་པ་རེད།

སློབ་དཔོན་རོ་ཆེ་ཡིས་བོད་ས་ཁྱོན་ཡོངས་ཀྱི་ཡིག་གཟུགས་གཅིག་མཚུངས་ཡིན་རུང་། ས་གནས་དང་གྲོང་ཚོ་སྡེ་བ་སོ་སོའི་ཡུལ་སྐད་སྣ་འཛོམས་ཡིན་པ་མ་ཟད། ཕན་ཚུན་ཁྱད་པར་ཆེན་པོ་འདུག་ཅེས་གསུངས། རྒྱ་སྐད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་དང་། བོད་ཡིག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་འདུ་ཤེས་ཀྱིས། བོད་རང་སྐྱོང་ལྗོངས་ས་ཁུལ་དུ་གཞུང་འབྲེལ་ཡི་གེ་བོད་ཡིག་བོད་མིའི་ཁྲོད་བཀོལ་སྤྱོད་བྱེད་པ་ཉུང་ཉུང་ཡིན།

ཁོང་གིས་ “བོད་ཀྱི་སྐད་ཡིག་ནི་འཇིག་ཉེན་ཆེ་བའི་སྐད་ཡིག་ཅིག་ཡིན། འོན་ཀྱང་སྐད་ཡིག་དེ་གོང་འཕེལ་དང་རྒྱ་སྐྱེད་འགྲོ་བཞིན་པའི་སྐད་ཡིག་ཅིག་དང་། སྐད་ཡིག་གཞན་གྱི་ཚབ་བྱེད་པའི་སྐད་ཡིག་ཅིག་ཀྱང་ཡིན། དེར་བརྟེན། དེ་གཉིས་ཀྱི་བར་ན་དམིགས་བསལ་དོ་སྣང་བྱེད་འོས་པའི་འགལ་ཟླ་ཞིག་ཀྱང་ཡོད” ཅེས་གསུངས།

བོད་ཀྱི་ས་ཁུལ་ཁག་གི་སྐད་རིགས་མི་འདྲ་བ་སྟོན་པའི་ས་ཁྲ།

སློབ་དཔོན་རོ་ཆེ་ཡིས་གྲངས་ཉུང་མི་རིགས་བྱེ་བྲག་ཅིག་གི་སྐད་ཡིག་ཞིབ་འཇུག་གི་རྒྱུད་རིམ་ཁྲོད། བོད་པའི་ས་གནས་སོ་སོའི་ཡུལ་སྐད་ལས་ལྡོག་སྟེ། མི་རབས་རྒན་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་མི་རབས་གཞོན་པར་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་ཡང་མཁྱེན་རྟོགས་བྱུང་ཡོད། ཁྱིམ་རྒྱུད་ཀྱི་མི་རབས་གསུམ་པ་ཙམ་ནས་རང་ཉིད་ཀྱི་ཡུལ་སྐད་ཕྲུ་གུར་བརྒྱུད་སྤྲོད་བྱེད་ཀྱི་མེད། ཁོང་གིས་ “དེར་བརྟེན་ལས་གཞིའི་འཕྲོས་ལུས་རྣམས་མི་རྣམས་ཀྱིས་རང་ཉིད་ཀྱི་ཡུལ་སྐད་དམ་ཁ་སྐད་ཕྲུ་གུ་རྣམས་ལ་བརྒྱུད་སྤྲོད་མི་བྱེད་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་རྒྱུ་དེ་རེད།” ཅེས་གསུངས།

མདོ་སྨད་རེབ་གོང་གི་གྲོང་ཚོ་ལྟ་བུར་མཚོན་ན། མྱུར་ཚད་མཐོན་པོར་གྲོང་ཁྱེར་གྱི་རྣམ་པར་སྒྱུར་བཞིན་ཡོད་སྟབས། ཡུལ་སྐད་སྣ་ཚོགས་ཀྱིས་ཕྱུག་པའི་གྲོང་ཚོ་ཆུང་ཆུང་རྣམས་རིམ་བཞིན་གྲོང་ཁྱེར་གྱིས་ཁྱུར་མིད་བཏང་བ་དང་། གང་སར་ཚོམ་བུར་གནས་པའི་གྲོང་གསེབ་རྣམས་ད་ཆ་ཐོག་རྩེག་ཅན་གྱི་ཁང་བཟང་དང་། རྒྱ་ཆེའི་གཞུང་ལམ། དཔངས་མཐོ་བའི་ཟམ་ཆེན་གྱིས་ཁེངས་ཡོད།

ཁོང་གིས་ “གྲོང་གསེབ་རྣམས་སུ་གསོན་པོར་གནས་པའི་སྐད་ཡིག་དག་ཉིན་ལྟར་ཕན་ཚུན་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས། མུ་འཐུད་འཚོ་གནས་བྱེད་ཐུབ་པ་མ་ཟད་འཕེལ་རྒྱས་འགྲོ་བ་ཡིན།” ཞེས་དང་། “གལ་ཏེ་གྲོང་གསེབ་དེ་དག་གྲོང་ཁྱེར་གྱིས་བཟས་པའི་དབང་དུ་བཏང་ན། ཁོ་ཚོའི་འཚོ་བའི་རྟེན་གཞི་དང་སྐད་ཡིག་གཉིས་ཀ་བརླག་པ་དང་། ལས་ཀ་བྱ་ཡུལ་དང་ལས་ཀའི་ངོ་བོ་སོགས་འཕོ་འགྱུར་གྱིས་བཀོལ་སྤྱོད་བྱེད་པའི་ཡུལ་སྐད་ཀྱང་འགྱུར་བ་འགྲོ་བ་མ་ཟད། མཐར་བོད་སྐད་དང་རྒྱ་སྐད་གང་རུང་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན།” ཞེས་གསུངས།

སློབ་དཔོན་རོ་ཆེ་ཡི་ལས་འཆར་གྱི་དམིགས་ཡུལ་གཙོ་བོ་ནི་འཇིག་ལ་ཉེ་བའི་སྐད་རིགས་ལ་དོ་སྣང་དང་། བོད་ཁུལ་དང་འབྲེལ་ཡོད་ཨོ་སི་ཊོ་ལི་ཡའི་ཚོགས་སྡེ་ཁག་གིས། སྣ་མང་སྐད་རིགས་སྲུང་སྐྱོབ་ཀྱི་ལས་ལ་རོགས་རམ་དང་གཞོགས་འདེགས་བྱེད་པའི་སྐུལ་མ་གཏོང་རྒྱུ་དེ་རེད།

ཁོང་གིས་ “མི་རིགས་གཅིག་དང་སྐད་ཡིག་གཅིག་གི་ལྟ་བ་ཁྱབ་སྤེལ་བྱེད་པའི་ཚོགས་སྡེར་མཉམ་ཞུགས་བྱེད་པའི་ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས། ལྟ་ཚུལ་དེར་འགྱུར་བ་བཏང་སྟེ། བོད་མིའི་ཁྲོད་རིག་གཞུང་སྣ་མང་དང་སྐད་རིགས་སྣ་མང་ལ་ངོས་འཛིན་དང་ཆེ་མཐོང་སྤྲོད་པའི་ལས་དོན་ལ་མཉམ་ཞུགས་བྱེད་དགོས་སྙམ་གྱི་འདུག” ཅེས་གསུངས།

ཨོ་སི་ཊོ་ལི་ཡའི་གདོད་མའི་སྐད་ཡིག་ལས་སློབ་གསོ།

སློབ་དཔོན་རོ་ཆེ་ཡི་མི་རྒྱུད་དཔྱད་ཞིབ་རིག་པ་དང་། སྐད་རིགས་འདྲ་མིན་ཐོག་ཞིབ་འཇུག་གནང་བའི་དགའ་ཞེན་དེ་ཆུང་དུས་ཨོ་སི་ཊོ་ལིའི་གྲོང་གསེབ་ཏུ་འཚར་ལོངས་བྱུང་བས་ཡིན། དགུང་ན་སོན་སྐབས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་དང་གྲོང་གསེབ་ཁག་བར་འགྲོ་སྐྱོད་གནང་ནས་བཞུགས་ཡོད། ཁོང་གིས་ “ཨོ་སི་ཊོ་ལི་ཡའི་མི་རྒྱུད་དངོས་ལ་རྒྱུས་མངའ་དང་། མི་སེར་སྤེལ་བའི་ལམ་ལུགས་ཀྱིས་དེ་དག་ལ་ཤུགས་རྐྱེན་ཇི་ཙམ་སྤྲད་པ་ཤེས་རྟོགས་ཡོད་སྟབས། ངས་དྲང་བདེན་གྱི་སྤྱི་ཚོགས་དང་། མི་སེར་སྤེལ་བའི་སྲིད་ཇུས། སྤྱི་ཚོགས་མཉམ་མཐུན་སོགས་ཀྱི་གནད་དོན་ཐོག་དགའ་ཞེན་ཆེན་པོས་ཞིབ་འཇུག་བྱེད་མགོ་བཙུགས་པ་ཡིན།” ཞེས་གསུངས།

ཨོ་སི་ཊོ་ལི་ཡའི་ས་སྐྱེས་རྡོ་སྐྱེས་ཀྱི་སྐད་རིགས་བརྒྱ་ཕྲག་གར་སོང་ཆ་མེད་དུ་གྱུར་བ་དེས། ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་གལ་འགངས་ཆེ་བའི་དགོངས་པ་བཞེས་ཡོད་པ་རེད། ཁོང་གིས་ “ཨོ་སི་ཊོ་ལི་ཡའི་ཐབས་སྡུག་གི་གནས་བབ་བཞིན་ད་ལྟ་བོད་དུ་འབྱུང་རྒྱུ་རེད། སྐད་རིགས་དེ་དག་ད་ལྟའང་བརྒྱུད་སྤྲོད་བྱེད་མུས་ཡིན་ལ། བཀོལ་སྤྱོད་བྱེད་པའི་གྲོང་སྡེ་དང་མི་འབོར་ཡང་གཞི་རྒྱ་ཆེན་པོ་ཡོད།” ཅེས་གསུངས།

མི་རྒྱུད་དཔྱད་རིག་པ་སློབ་དཔོན་ཇི་རོལ་རོ་ཆེ་མལ་བྷོན་གཙུག་ཁང་དུ།

སློབ་དཔོན་རོ་ཆེ་ཡིས་རྒྱ་འོག་གི་བོད་ཀྱི་ས་ཁུལ་ཁག་གི་བོད་མི་རྣམས་དང་། ཨོ་སི་ཊོ་ལི་ཡའི་གདོད་མིའི་མི་རིགས་ཀྱི་རྒྱུད་པ་རྣམས་ཀྱིས་ཕན་ཚུན་གྱི་ཉམས་མྱོང་ལས་སློབ་སྦྱོང་བྱེད་རྒྱུ་ཡོད་པར་ངོས་འཛིན་གནང་གི་ཡོད། ཁོང་གིས་ “ངས་རྒྱ་ནག་དང་ཨོ་སི་ཊོ་ལི་ཡའི་སྐད་ཡིག་གི་སྡེ་ཚོ་གཉིས་ཀྱི་བར། གཉིས་ཕན་གྱི་མཉམ་ལས་གོང་ནས་གོང་དུ་འཕེལ་བའི་རེ་བ་བྱེད་ཀྱི་ཡོད།” ཅེས་དང་། “མཉམ་ལས་དེས་བོད་ཀྱི་ད་ལྟའི་གནས་བབ་ལ་ཕན་ཐོགས་ཡོང་ངེས་ཡིན་ལ། ཕྱོགས་གཞན་དང་གཞན་དུ་ཡང་ཁ་ཕྱོགས་ཤིག་སྟོན་ཐུབ་པ་ཡོང་ངེས་ཡིན།” ཞེས་གསུངས།

མཆན། སློབ་དཔོན་ཇི་རོལ་རོ་ཆེ་ནི་ཨོ་སི་ཊོ་ལི་ཡའི་མལ་བྷོན་གཙུག་ལག་སློབ་གྲྭའི་ཨེ་ཤ་ཡ་ཚན་པའི་ཞིབ་འཇུག་པ་ཞིག་ཡིན་པ་དང་། ཁོང་གི་ཞིབ་འཇུག་གི་དམིགས་འབེན་གཙོ་བོ་རྒྱ་འོག་གི་བོད་ཀྱི་ཡུལ་གྲུའི་ཕུན་སུམ་ཚོགས་པའི་རིག་གཞུང་དང་སྐད་ཡིག་དུས་རབས་ཉེར་ཅིག་པར་འཕོ་འགྱུར་ཇི་ལྟར་འགྲོ་མིན་དཔྱད་ཞིབ་གནང་རྒྱུ་དེ་ཡིན།

མ་ཡིག་འབྲེལ་ཐག http://www.australiaplus.com/international/study-and-innovation/languages-languishing-on-the-tibetan-plateau-find-an-australian/8746446

བསྐྱར་བཅོས།: ༢༠༡༧/༠༨/༠༡

Leave a Reply

3 thoughts on “སློབ་དཔོན་རོ་ཆེ་ཡིས་མཐོ་སྒང་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བ་མཁྱེན།

  1. ངོ་མ་འུ་ཅག་གིས་སློབ་དཔོན་རོ་ཆེ་ལགས་སུ་བཀྲིན་ཞུ་རྒྱུ་ལས་མི་འདུག་ཁོང་གིས་འབད་བརྩོན་གནང་བ་འདི་མི་རིགས་ཉམ་ཆུང་ཞིག་ལ་འདི་འདྲ་རོགས་གནང་བ་འདྲ་བོ་ཡང་དཔེ་བཟང་ཅན་ཞིག་ཏུ་ངོས་འཛིན་འོས་པ་རེད། འུ་ཅག་གི་ཡང་མ་ཤེས་པ་དང་མ་རྟོགས་པ་མ་ཡིན་འོན་ཀྱང་རང་དབང་དང་འདྲ་མཉམ་མེད་ཙང་མ་ནུས་པ་རེད་འདོད།

  2. གཞུང་པ་ཚེ་དབང་བསོད་ནམས་

    འཇིག་རྟེན་འདིར་འགྱུར་ལྡོག་མེད་པ་རྟའག་ཏུ་གནས་པའི་དངོས་པོ་གཅིག་ཀྱང་མེད་ལ་ནམ་ཞིག་སའི་གོ་ལ་འཇིག་རྟེན་འདི་ཡང་འཇིག་རྒྱུ་ཡིན་པ་གཏན་འཁེལ་བ་དང་མི་རིགས་ཞིག་ལ་རྡོ་ཕོག་འགྲོ་དུས་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་བཅས་པར་རྡོ་ ཕོག་དང་ཉམས་རྒུད་འགྲོ་བ་ཆོས་ཉིད་རེད་ལ་མི་རིགས་ལ་རྡོ་ཕོག་མེད་པ་རྒྱུན་གནས་ཐུབ་ཚེ་མི་རིགས་དེའི་སྐད་ཡིག་དང་རིགས་གཞུང་རྒྱུན་གནས་ཐུབ་པ་དང་ང་ཚོ་བོད་ལ་རྒྱ་མིའི་བཙན་གནོན་བཏང་ནས་བོད་ཀྱིས་ཕྱི་ནང་གི་སྣོད་བཅུད་ཡོངས་རྫོགས་རྒྱ་ཡིས་རྩ་མེད་བཏང་ནས་བོད་མི་ཚོ་གཞིས་བྱེས་གཉིས་ལ་ཁ་འཐོར་ནས་བོད་མིའི་སྐད་ཡིག་དང་རིག་གཞུང་བོད་མི་རིགས་དང་བཅས་པར་ཉམས་ཆགས་ཆེན་པོ་ཐེབས་ཡོད་པ་ནས་བོད་མིའི་སྐད་ཡིག་དང་རིག་གཞུང་བཅས་པ་ཉེན་ཁའི་ནང་ལྷག་ཡོད་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ་?