ཀུ་ཤུ་བཟོ་གྲྭས་རྒྱ་ནག་གི་བཀའ་ལྟར་སྒེར་གྱི་དྲ་ལམ་མཐུད་ཆས་ཕྱིར་འཐེན་བྱས།

ཀུ་ཤུ་ཁ་པར་བཟོ་གྲྭས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་གཟའ་ཟླ་བའི་ཉིན་དྲ་མཐུད་མཉེན་ཆས་(VPN)ཞེས་པ་ཁག་རྒྱ་ནག་ནང་ནས་ཕྱུར་བསྡུ་བྱས་ཡོད་འདུག་ཅིང་། དེ་ནི་རྒྱ་ནག་གཞུང་གིས་སྲིད་གཞུང་གི་ཆོག་མཆན་མེད་པར་དྲ་ལམ་མཉེན་ཆས་གང་བྱུང་བེད་སྤྱོད་གཏོང་མི་ཆོག་པ་བཟོས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མའི་ནང་ཀུ་ཤུ་བཟོ་གྲྭས་རྒྱ་ནག་སྐམ་ས་ཆེན་མོའི་ཀུ་ཤུའི་མཉེན་ཆས་མ་ལག་(app store)ནས་དྲ་མཐུད་མཉེན་ཆས་(VPN བཀག་འགོག་བྱས་ཡོད་པའི་དྲ་ཚིགས་དག་སྔོག་བྱེད་མཉེན་ཆས།)ཞེས་པའི་རིགས་མང་པོ་ཞིག་ཕྱིར་བསྡུ་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་མཉེན་ཆས་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པར་འཇིགས་སྣང་བྱེད་ཀྱིན་ཡོད་འདུག

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་(VPN)ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། གཉེན་ཆས་དེ་དག་རྒྱ་ནག་ནང་ཡོད་པའི་ཕྱི་གླིང་གི་མི་ཚོས་བེད་སྤྱོད་ཤུགས་ཆེན་པོ་གཏོང་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཀུ་ཤུའི་མ་ལག་ནས་ཕྱིར་འཐེན་བྱ་དགོས་པའི་བཀའ་རྒྱ་འབྱོར་ཡོད་སྐོར་འཁོད་ཡོད། དེ་བཞིན། ཀུ་ཤུ་མཉེན་ཆས་མ་ཁུངས་ངོས་སུ་གསལ་བསྒྲགས་སྤེལ་བའི་ནང་ “ཀུ་ཤུའི་(VPN)མཉེན་ཆས་རྒྱ་ནག་གི་མཉེན་ཆས་མ་ལག་ནས་གཡུག་དགོས་བྱུང་སོང་། རྒྱུ་མཚན། རྒྱ་ནག་ནང་དུ་དེ་དག་ཁྲིམས་འགལ་གྱི་ཁོངས་སུ་ཚུད་པས་ཡིན།” ཞེས་འཁོད་ཡོད་འདུག

དབྱིན་ཇིའི་(Virgin Island)རུ་བརྟེན་གཞི་བྱས་པའི་(VPN)དྲ་ལམ་ཞབས་ཞུ་ཁང་ཞིག་གིས་ཀུ་ཤུས་མཉེན་ཆས་ཕྱིར་བསྡུའི་ཐག་གཅོད་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ནི་སྨྲ་བརྗོད་རང་དབང་དང་སྤྱི་དམངས་ཐོབ་ཐང་གི་གནད་དོན་ཞིག་ཡིན་སྟབས། ཁྲིམས་གཏུགས་བྱ་དགོས་སྐོར་བརྗོད་ཡོད་འདུག

ད་དུང་གནས་ཚུལ་དེའི་ནང་རྒྱ་ནག་གི་མཉེན་ཆས་མ་ལག་ཁང་དུ་དྲ་ལམ་འབྲེལ་མཐུད་(VyprVPN)དང་(StarVPN)སོགས་ཀྱང་བཀག་སྡོམ་བྱས་ཡོད་འདུག་པ་མ་ཟད། རྒྱ་ནག་གི་ (Silicon Valley company)ཞེས་པའི་གློག་ཆས་བཟོ་གྲྭ་དག་ཀྱང་བཀག་སྡོམ་འོག་ཏུ་ཚུད་ཡོད་འདུག

གཟའ་ཟླ་བའི་ཉིན་ཀུ་ཤུས་མཉེན་ཆས་དེ་དག་རྒྱ་ནག་གི་མ་ལག་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། རྒྱ་ནག་གིས་(VPN)འབྲེལ་མཐུད་གཉེན་ཆས་ཚང་མ་རྒྱ་ནག་ནང་ལོག་ལ་གཞི་བཞག་ནས་སྲིད་གཞུང་གིས་གཏན་འབེབས་ཁྲིམས་དང་ངེས་པར་མཐུན་དགོས་སྐོར་བརྗོད་ཡོད་འདུག

ད་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གི་བཟོ་ལས་དང་བརྡ་འཕྲིན་(MIIT)ཁང་གི་བློན་ཆེན་གྱིས་(VPN)མཉེན་ཆས་བེད་སྤྱད་དེ་ཕྱི་ཕྱོགས་སུ་ཚོང་འབྲེལ་བྱེད་བཞིན་པ་དག་ནི་ཁྲིམས་དང་མཐུན་གྱི་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། ཟླ་འདིའི་ནང་(Bloomberg)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ད་ལོའི་ཕྱི་ཟླ་ ༢ པ་ནས་མི་སྒེར་གྱི་(VPN)འབྲེལ་མཐུད་མཉེན་ཆས་ཚང་མ་བཀག་སྡོམ་གྱི་འཆར་གཞི་བསྒྲིགས་ཟིན་ཡོད་འདུག་ཅེས་བཀོད་ཡོད་པ་རེད།

རྒྱ་ནག་གི་བཟོ་ལས་དང་བརྡ་འཕྲིན་ཁང་གིས་(Bloomberg)གསར་ཁང་གི་གནས་ཚུལ་དེ་ངོས་ལེན་བྱས་མེད་པ་མ་ཟད། དེ་ནི་ཚོང་འབྲེལ་གྱི་གནད་དོན་ཞིག་ཡིན་པ་ལས་མི་སྒེར་ལ་བཟུང་བའི་དམིགས་ཡུལ་མིན་ཞེས་ངོས་ལེན་བྱས་མེད་པ་རེད། ཡིན་ན་ཡང་། དེ་ཡིས་རྒྱ་ནག་ནང་དུ་གནས་སྡོད་བྱས་ཡོད་པའི་ཕྱི་རྒྱལ་བ་ཚོར་འཇིགས་སྣང་སླེབ་ཀྱི་ཡོད་པ་རེད།

གསལ་བཤད། (VPN) ཞེས་པ་ནི་དྲ་ལམ་འབྲེལ་མཐུད་ཀྱི་བཀག་རྒྱ་གཏོར་བྱེད་མཉེན་ཆས་ཤིག་ཡིན་པ་དང་། མཉེན་ཆས་དེ་དག་བརྒྱུད་དེ་དྲ་ལམ་གྱི་གནས་ཚུལ་འཚོལ་བཤེར་སྐབས་སུ་བཀག་རྒྱ་སོགས་ལས་བརྒལ་ཐུབ་ཀྱི་ཡོད། མཉེན་ཆས་འདིའི་རིགས་མང་ཆེ་བ་ཕྱི་རྒྱལ་ཁག་ནས་བཟོ་བཞིན་ཡོད་ན་ཡང་། རྒྱ་ནག་ནང་དུ་མཉེན་ཆས་འདི་དག་སྤྱད་ནས་ཕྱི་ལོགས་ཀྱི་གནས་ཚུལ་འཚོལ་བཤེར་ཐུབ་ཀྱི་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༡༧/༠༨/༠༢

Leave a Reply

One thought on “ཀུ་ཤུ་བཟོ་གྲྭས་རྒྱ་ནག་གི་བཀའ་ལྟར་སྒེར་གྱི་དྲ་ལམ་མཐུད་ཆས་ཕྱིར་འཐེན་བྱས།