བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས་སོ་སོའི་ལུས་སྲོག་དེ་རྩ་ཆེན་པོ་ཡིན་པ་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོར་རྩ་དོན་ཆེད་སྐུ་ངལ་བསྐྱོན་ཏེ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེ་བསྲེགས་གཏོང་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད། ཅེས་གསུངས་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༥།༣༠ སྟེང་། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དྷ་སའི་གླིང་སྐོར་ལམ་ནས་རང་ལུས་མེར་བསྲེགས་གནང་མཁན་པ་སངས་དོན་འགྲུབ་ལགས་ཀྱི་སྐུ་ཕུང་བདེ་ལེགས་སྨན་ཁང་འཁྲིས་ཀྱི་ཕུང་བོ་འཇོག་ཁང་ནས་ལྷ་རྒྱལ་རིར་གདན་འདྲེན་ཞུས་ཏེ། གཞུང་མང་གཉིས་ཀྱིས་ཁ་ཏགས་སྒྲོན་པ་དང་མཆོད་འབུལ་སྨོན་ལམ་ཞུས་རྗེས། དྷ་སྟེང་བོད་ཁྱིམ་དུ་འགྲོ་སའི་ལམ་འགྲམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་སོང་།
ཞོགས་པ་ལྷ་རྒྱལ་རིའི་མཆོད་འབུལ་སྨོན་ལམ་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག འདས་པོ་པ་སངས་དོན་འགྲུབ་ལགས་ཀྱི་སྤུན་མཆེད་བློ་བཟང་ཡར་འཕེལ་ལགས་དང་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག
མཆོད་འབུལ་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་རིང་བཀའ་ཤག་འདིར་བཅར་བའི་དགོས་དོན་དེ་ད་ལྟ་རང་ལུས་མེར་བསྲེགས་གནང་མཁན་ཁོང་ཉིད་ལ་མཚོན་ན་བོད་པ་ཞིག་ཡིན་པ་དང་ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་སྨོན་ལམ་དང་གདུང་སེམས་ཉམས་སྐྱེད་ཞུ་ཆེད་དུ་ཡོང་བ་ཡིན། བཀའ་ཤག་གིས་གསལ་བོ་དང་དོ་ནན་པོས་སྔོན་མ་ནས་བཤད་ཡོད་ལ་ད་ལྟའང་ཤོད་ཀྱི་ཡོད། བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་ཚོ་ཡིན་ནའང་ད་ནས་བཟུང་རང་ལུས་མེར་བསྲེགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། རང་ལུས་མེར་བསྲེགས་གནང་མཁན་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་སོང་བ་ཡིན་ན་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། དེ་བཞིན། བོད་ནང་གི་བོད་མི་ཚོས་རེ་འདོད་འགྲུབ་ཆེད་ང་ཚོ་ཡིན་ན་ཡང་འབད་བརྩོན་ཞུ་རྒྱུ་ཡིན། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས། སོ་སོའི་ལུས་སྲོག་དེ་རྩ་ཆེན་པོར་ངོས་ཟིན་པའི་ཐོག་ནས་མུ་མཐུད་འཚོ་གནས་བྱས་ཏེ་མི་ཚེ་ཧྲིལ་བོ་རྩ་དོན་ཆེད་དུ་སྐུ་ངལ་བསྐྱོན་ཏེ་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་ང་ཚོས་རྩ་བ་ནས་མོས་མཐུན་མེད་ལ། དེ་ལྟར་མ་གནང་རོགས་ཞེས་དེ་སྔར་ཞུས་ཡོད་ལ་དེ་རིང་བསྐྱར་དུ་ནན་ཏན་གྱིས་ཞུ་བཞིན་ཡོད།
རང་ལུས་མེར་བསྲེགས་གནང་མཁན་གྱི་ཕ་མ་ཚོ་ཡིན་ན་ཡང་རང་གི་བུ་ཕྲུག་གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཟིན་པར་འགྱོད་པ་མེད་ན་ཡང་གཞོན་སྐྱེས་ཚོས་སོ་སོའི་གནང་ཐུབ་པ་དེ་ཤེས་ཡོན་ཐོག་ལ་དོ་སྣང་དང་། ཤེས་ཡོན་མཐར་ཕྱིན་པ་གནང་སྟེ་སོ་སོར་བོད་དོན་ཆེད་སེམས་ཤུགས་དང་ལྷག་བསམ་ཡོད་པ་དེ་ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་རྩ་དོན་ཆེད་དུ་སྐུ་ལས་སྐྱོན་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་ལྟར། ཕ་མ་ཚོས་གསུངས་བ་དང་དེ་སྔོན་བཀའ་ཤག་གིས་གསུངས་བ་གཅིག་པ་ཆགས་ཡོད་སྟབས། དམིགས་བསལ་གཞོན་སྐྱེས་ཚོས་དོ་སྣང་གནང་རོགས།
དེ་སྔོན་ནས་བཀའ་ཤག་ནང་བཀའ་བསྡུར་རིམ་པར་བྱུང་སྟེ་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོར་ངོས་ལེན་མེད་ཅེས་ཞུས་ཡོད་ཀྱང་། མེར་བསྲེགས་གནང་སྟེ་འདས་གྲོངས་སུ་སོང་བ་ཡིན་ན་ང་ཚོ་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་ཞུ་ཡི་ཡོད། ཡིན་ན་ཡང་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཚོར་བཀའ་ཤག་མི་བཅར་བ་དང་། དེ་བཞིན། བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ངོས་སོགས་སུ་མ་གཏོང་རོགས་ཞེས་འབོད་སྐུལ་ཡོང་གི་འདུག ང་ཚོའི་ངོས་ནས་དེ་ལྟར་བྱ་རྒྱུ་ཐག་གཅོད་བྱས་མེད་ཀྱང་རིམ་པས་དེ་ལྟར་ཡོང་དགོས་པ་ཞིག་མཐོང་གི་འདུག དེ་མིན་རང་ལུས་མེར་བསྲེགས་གནང་ཡོང་ན། བཀའ་ཤག་བཅར་ཏེ་ང་ཚོའི་ངོས་ནས་མེར་བསྲེགས་མ་གཏོང་རོགས་ཞེས་བཤད་ན་གོ་ནོར་ཐེབས་ཡོང་གི་མེད་འགྲོ་བསམ་གྱི་འདུག ཅེས་སོགས་གསུངས་སོང་།
གསར་འགོད་པས། ད་ལོའི་ལོ་འདིར་མཚོན་ན་བཀའ་ཤག་ངོས་ནས་ལས་འགུལ་གྱི་ལོ་ཞེས་གཏན་འབེབས་གནང་ཡོད་པ་དང་། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་གཏོང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། བཀའ་ཤག་གི་ངོས་ནས་རང་ལུས་མེར་བསྲེགས་མ་ཡིན་པའི་ལས་འགུལ་གྱི་ཐབས་ལམ་གཞན་དེ་འདྲ་ལམ་སྟོན་ཡོད་མེད་དྲིས་པར། སྲིད་སྐྱོང་མཆོག་གིས། གཙོ་བོ་གཅིག་རང་ལུས་མེར་བསྲེགས་གནང་མཁན་ཚོ་གཞོན་སྐྱེས་ཡིན་སྟབས། ཤེས་ཡོན་ཐོག་ལ་དོ་སྣང་དང་དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་མིན་པའི་ཆབ་སྲིད་ཐད་ནས་ལས་ཀ་གནང་རྒྱུ་མང་པོ་ཡོད་པ་རེད། དཔེར་ན། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བཅར་རྒྱུ་དང་། དེ་བཞིན། བོད་པ་ས་ཆ་གང་དུ་ཡོད་ན་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་རྒྱལ་ཁབ་དེའི་གཞུང་གི་ནང་འཛུལ་ཐུབ་པ་དགོས་པ། གཞུང་གང་ཞིག་ཡིན་ན་དེའི་ཕྱི་སྲིད་ལས་ཁུངས་དང་སྲིད་བློན་ལས་ཁུངས་སོགས་སུ་བཅར་ཏེ་གཞུང་དེའི་ནུས་པ་ཚུར་ལེན་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན། སློབ་གྲྭ་ཁག་ནང་ཡོད་པའི་གཞོན་སྐྱེས་ཚོས་ལོ་རེ་དང་ཟླ་རེར་བོད་དོན་སྐོར་ལ་ལས་འགུལ་སྤེལ་བ་དང་། རྒྱ་གར་མཁས་དབང་གདན་འདྲེན་ཞུས་ནས་བོད་དོན་སྐོར་ལ་གཏམ་བཤདང་སྤེལ་རྒྱུ། གལ་སྲིད་རང་ཉིད་རྩོམ་ཡག་པོ་འབྲི་ཤེས་མཁན་ཞིག་ཡིན་ན། སློབ་གྲྭ་ཁག་གི་ཚགས་པར་དང་དུས་དེབ་ངོས་སུ་རྩོམ་ཡིག་བྲིས་ན་ཡག་པོ་ཡོད་པ་རེད། དེ་བཞིན། བཀའ་ཤག་གི་ངོས་ནས་བོད་ཀྱི་དུས་སྟོན་ཞེས་པ་ཞིག་ཡོད་པ་ལྟར། དེ་འདྲའི་ནང་བོད་དོན་ཁྱབ་བསྒྲགས་བྱས་ན་འགྲིག་གི་ཡོད་པ་རེད། ཅེས་གསུངས་སོང་།
གསལ་བསྒྲགས་ནང་དུ། རྒྱལ་གཅེས་དཔའ་བོ་པ་སངས་དོན་འགྲུབ་ལགས་ནི། ཕ་ཡུལ་གཙང་རྒྱང་རྩེ་ནས་ཡིན་ཞིང་། བོད་ནང་དུ་བཞུགས་སྐབས་ཁོང་གིས་ཤིང་ཚོན་གཏོང་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ༡༩༩༡ ཟླ་ ༡༠ ཚེས་ ༡༩ ཉིན་བོད་ནས་རྒྱ་གར་དྷ་རམ་ས་ལར་འབྱོར་འདུག དེ་ནས་སིམ་ལར་ཡོད་པའི་ཁོང་གི་སྤུན་མཆེད་བློ་བཟང་ཡར་འཕེལ་གྱི་ནང་དུ་ཟླ་བ་ཁ་ཤས་རིང་བཞུགས་ཡོད་པ་དང་། ༡༩༩༡ ནས་ ༡༩༩༥ བར་སུ་ཇ་བོད་ཁྱིམ་དུ་འཛིན་རིམ་བཅུ་བ་སློབ་མཐར་ཕྱིན་འདུག དེའི་རྗེས་ས་ལེ་གྷུ་ར་ (Saligura) ནང་ཡོད་པའི་དགོན་པ་ཞིག་ཏུ་ཕྱག་ལས་གནང་འདུག དེ་ནས་ཚོང་ཙག་ཙིག་བརྒྱབས་ཏེ་འཚོ་བ་བསྐྱེལ་ཡོད་པ་དང་། ༢༠༡༢ ཟླ་ ༧ ཚེས་ ༡༡ ཉིན་ཁོང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཛུལ་ཞུགས་གནང་སྟེ་ཤིང་ཚོན་སྡེ་ཚན་དུ་ཕྱག་ལས་གནང་འདུག ནོར་གླིང་དུ་བཞུགས་ཡུན་རིང་ཁོང་གིས་ཀ་ཀོར་མེད་པར་ལས་ཀར་ཧུར་བརྩོན་བྱས་ཡོད་པ་མ་ཟད། རྒྱུན་དུ་སྐད་ཆ་ཉུང་ཉུང་དང་རྙོག་གླེང་རིགས་གཏན་ནས་མེད་མཁན་ཞིག་ཡིན་པ་དང་། ༢༠༡༧ ཟླ་ ༧ ཚེས་ ༢༩ གཟའ་སྤེན་པའི་ཉིན་རྒྱབ་ཁོང་གིས་ནོར་གླིང་ནས་ལས་དགོངས་ཞུས་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ ཡས་མས་སུ་ཁོང་གིས་དྷ་རམ་ས་ལའི་ཕྱི་སྐོར་ལམ་དུ་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ནས་སྐུ་བཤེགས་ཡོད་པ་རེད། ཅེས་འཁོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་པདྨ་རྒྱལ།