དྲག་སྤྱོད་པའི་མགོ་ཁྲིད་བསད་པར་ཀཱ་ཤི་མཱིར་མི་མང་གིས་ངོ་རྒོལ་བྱས།

རྒྱ་གར་བདེ་སྲུང་དམག་གིས་འཇིགས་སྐུལ་བ་ཨཱ་བུ་དུ་ཇ་ནཱ་མ་བསད་པའི་སྐར་མ་ཁ་ཤས་སྔོན་ལ་ཁོ་བོར་ཁ་པར་བརྒྱུད་ཁོ་བོ་མགོ་བཏགས་ཞུ་དགོས་པའི་ཉེན་བརྡ་བཏང་ཡང་། ཁོ་བོས་ཇཱི་ཧཏ་(Jihad དགྲ་བོར་འཐབ་རྒོལ།)ཆེད་རང་གི་ཕ་མའང་བློས་གཏོང་བྱས་ཟིན་པ་ཡིན་ཞེས་བརྗོད་དེ་མགོ་བཏགས་ཞུས་མི་འདུག

ཁ་སང་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་ཀཱ་ཤི་མཱིར་མངའ་སྡེའི་པོལ་ཝ་མཱ་(Pulwama)རྫོང་དུ་རྒྱ་གར་བདེ་སྲུང་དམག་དཔུང་དང་། པཱ་ཀི་ཐན་ནས་བསླེབས་པའི་ཨེལ་ཨཱི་ཊི་(Lashkar-e-Taiba)(LeT) ཞེས་འབོད་པའི་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་ཨཱ་བུ་དུ་ཇ་ནཱ་(Abu Dujana)དང་ཁོའི་རོགས་པ་ཨཱ་རིཕ་ནཱ་ཝི་དྷར་(Arif Nabi Dar)གཉིས་བར་ཡུན་རིང་མེ་མདའ་རྒྱག་རེས་བྱས་མཐར་དྲག་སྤྱོད་པ་དེ་གཉིས་གསོད་ཐུབ་པ་བྱུང་ཡོད་འདུག

རྒྱ་གར་དམག་མིའི་མགོ་ཁྲིད་ཇ་ཨེས་སཱན་དཱུ་(JS Sandhu)ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དོན་ལྟར་ན། ཨཱ་བུ་དུ་ཇ་ནཱ་ནི་ཀ་ཤི་མཱིར་གྱི་ལཱ་ཤ་ཀཱར་ཨཱི་ཊའེ་བྷ་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་དང་དྲག་སྤྱོད་པ་འཇིགས་སྣང་ཅན་ཞིག་ཡིན་པ་དང་། ཁོ་བོ་པཱ་ཀི་ཐན་ནས་རང་གིས་ཨ་མ་སྤུན་མཆེད་ཡོངས་རྫོགས་བློས་བཏང་སྟེ་རྒྱ་གར་དུ་ཡོང་བ་ཞིག་ཡིན་ཞིང་། ཐེངས་འདིར་གློ་བུར་དུ་ཁོ་བོ་གསོད་ཐུབ་པ་དེས་ཨེལ་ཨཱི་ཊི་འཇིགས་སྐུལ་ཚོགས་པར་གནས་སྐབས་རིང་ཅི་བྱ་གཏོལ་མེད་བཟོས་ཡོད་སྐོར་བརྗོད་ཡོད་འདུག

དྲག་སྤྱོད་པ་དང་དམག་མིའི་བར་མེ་མདའ་རྒྱག་རེས་བྱས་པའི་ཁྲོད་མི་མང་ཁ་ཤས་བསད་ཡོད་པ་མ་ཟད། ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག རྒྱ་གར་བདེ་སྲུང་དམག་མིས་བརྗོད་པ་ལྟར་ན། དྲག་སྤྱོད་པ་དེ་གཉིས་ཁང་པ་ཞིག་གི་ནང་དུ་གབ་ཡོད་པ་དང་། རྨས་སྐྱོན་ཕོག་མཁན་དང་འདས་གྲོངས་ཕྱིན་པའི་ཡུལ་མི་དེ་དག་གློ་བུར་དུ་དམག་འཐབ་བྱེད་སར་བསླེབས་པར་བརྟེན་དེ་གནས་ཚུལ་དེ་བྱུང་བ་རེད། གཅིག་བྱས་ན། ཁོང་ཚོར་དྲག་སྤྱོད་པ་དེ་གཉིས་ཀྱིས་སྡིག་ར་བཏང་སྟེ་བར་འཚང་བྱེད་བཅུག་ཡིན་སྲིད་ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོའི་དུས་ཚོད་ ༨ པའི་ཐོག་རྒྱ་གར་བདེ་སྲུང་དམག་མིས་དྲག་སྤྱོད་པ་དེ་གཉིས་ཁོ་ཚོའི་ཉེ་འཁྲིས་སུ་ཞག་སྡོད་བྱས་ཡོད་པའི་གནས་ཚུལ་ཐོས་མ་ཐག་ཕར་རྒོལ་བྱེད་པའི་གྲ་སྒྲིག་བྱས་ཡོད་འདུག ཁོ་ཚོས་དྲག་སྤྱོད་པ་འཚོལ་བཞིན་པའི་སྐབས་སུ་གློ་བུར་དུ་དྲག་སྤྱོད་པས་མེ་མདའ་རྒྱག་མགོ་བརྩམས་ཡོད་པ་དང་། རྒྱ་གར་བདེ་སྲུང་དམག་གིས་ཐོག་མར་དྲག་སྤྱོད་པ་གཉིས་ལ་ཁ་པར་བརྒྱུད་མགོ་བཏགས་ཞུས་ན་ལེགས་ཚུལ་བཤད་ཀྱང་ཉན་འཇོག་བྱས་མི་འདུག

ཀཱ་ཤ་མཱིར་ཡུལ་མི་མང་པོ་ཞིག་གིས་དྲག་སྤྱོད་པ་ཨཱ་བུ་དུ་ཇ་ནཱ་བསད་པའི་གནས་ཚུལ་ཐོས་རྗེས་གཞུང་ལམ་དུ་ཐོན་ཏེ། རྒྱ་གར་བདེ་སྲུང་དམག་མིར་རྡོ་བཞུས་པ་སོགས་ཀྱིས་རྒྱ་གར་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། སྐབས་དེར་མངའ་སྡེའི་སྐོར་སྲུང་བས་ངོ་རྒོལ་འགོག་ཐབས་བྱས་པར་ངོ་རྒོལ་བ་དང་སྐོར་སྲུང་བའི་བར་འཛིང་འཁྲུག་བྱུང་སྟེ། མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཀཱ་ཤ་མཱིར་དུ་ངོ་རྒོལ་དོན་རྐྱེན་དེ་བྱུང་མ་ཐག མངའ་སྡེ་གཞུང་གིས་སློབ་གྲྭ་དང་མཐོ་སློབ་ཁག་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། དྲ་རྒྱའི་བརྒྱུད་ལམ་ཡོད་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བརྗོད་པ་ལྟར་ན། ཀཱ་ཤ་མཱིར་དུ་ ༢༠༡༦ ལོ་གཅིག་པུར་མངའ་སྡེ་གཞུང་གིས་ངོ་རྒོལ་སྐད་འབོད་དང་ཟིང་འཁྲུག་བྱུང་སྐབས་དྲ་ལམ་ཐེངས་ ༣༠ ལྷག་ལ་བཀག་སྡོམ་བྱས་མྱོང་ཡོད་ཅེས་བརྗོད་ཡོད་འདུག

རྒྱ་གར་གྱིས་ ༢༠༠༨ ལོར་གྲོང་ཁྱེར་མོམ་བྷེ་(Mumbai)ནང་འགད་གཏོར་ཇུས་འགོད་བྱེད་མཁན་ཨེལ་ཨཱི་ཊི་འཇིགས་སྐུལ་ཚོགས་པ་ཡིན་པ་མ་ཟད། ཀཱ་ཤ་མཱིར་མི་མང་ལ་རང་བཙན་དགོས་པར་སྐུལ་སློང་བྱེད་མཁན་ཡང་འཇིགས་སྐུལ་རུ་ཚོགས་དེ་ཆགས་ཡོད་ཅེས་བརྗོད་པ་དང་། རྒྱ་གར་སྐོར་སྲུང་བས་ཨཱ་བུ་དུ་ཇ་ནཱ་ནི་ ༢༠༡༥ ལོར་ཨཱུ་དྷམ་པུར་(Udhampur)ལ་དྲག་རྒོལ་བྱས་ཏེ་བདེ་སྲུང་དམག་མི་གཉིས་བསད་པའི་རྒྱབ་ཏུའང་ཁོ་བོ་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག

༢༠༡༧ ཟླ་ ༨ ཚེས་ ༡ ཉིན་དྲག་སྤྱོད་པའི་མགོ་ཁྲིད་བསད་པར་ཀཱ་ཤ་མཱིར་ཡུལ་མི་ཚོས་རྒྱ་གར་གཞུང་ལ་ངོ་ལོག་སྐད་འབོད་བྱེད་བཞིན་པ།

ཨཱ་བུ་དུ་ཇ་ནཱ་བསད་མ་ཐག་ཀཱ་ཤ་མཱིར་དུ་ངོ་རྒོལ་སྐད་འབོད་བྱུང་ཡོད་པ་དང་། དེ་ལྷིང་འཇགས་ཡོང་ཕྱིར་སྐོར་སྲུང་བ་དང་བདེ་སྲུང་དམག་མིས་མི་མང་ལ་དྲག་གནོན་བྱས་པ་ལྟར། ལོ་གཅིག་གོང་དུ་ཀཱ་ཤ་མཱིར་ཁ་བྲལ་རིང་ལུགས་པའི་མགོ་དཔོན་ཝུར་ཧན་ཝ་ནཱི་(Burhan Wani)བསད་སྐབས་ཀྱང་དེ་ལྟར་བྱུང་ཡོད་འདུག

ཝུར་ཧན་ཝ་ནཱི་ནི་ཀཱ་ཤ་མཱིར་དུ་སྐད་གྲགས་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན་སྟབས། ཁོ་བོ་དཀྲོངས་རྗེས་ཀཱ་ཤ་མཱིར་ནང་ཟླ་ཤས་རིང་ཟིང་འཁྲུག་བྱུང་ཡོད་པ་མ་ཟད། སྐབས་དེའི་ཟིང་འཁྲུག་ཁྲོད་མི་ ༩༠ ལྷག་འདས་གྲོངས་ཕྱིན་ཡོད་པ་དང་། མི་གྲངས་སྟོང་ཕྲག་བརྒལ་བར་རྨས་སྐྱོན་ཕོག་ཡོད་འདུག སྤྱིར་ཨཱ་བུ་དུ་ཇ་ནཱ་ནི་ཀཱ་ཤ་མཱིར་ཡུལ་མིའི་གཞོན་སྐྱེས་ཁྲོད་སྐད་གྲགས་ཆེན་པོ་ཡོད་ཀྱང་། མགོ་དཔོན་ཝུར་ཧན་ཝ་ནཱི་ལྟ་བུའི་སྐད་གྲགས་ཆགས་ཐུབ་མི་འདུག

༡༩༨༩ ལོ་ནས་མགོ་བཙུགས་ཏེ་ཀཱ་ཤ་མཱིར་ནང་ངོ་རྒོལ་ཟིང་འཁྲུག་ཡང་ཡང་བྱུང་སྟེ། གཞུང་འབྲེལ་གྱི་ཡིག་ཆ་ལྟར་ན་ད་བར་མི་ ༤༢༠༠༠ ལྷག་འདས་གྲོངས་ཕྱིན་ཡོད་ཚུལ་འཁོད་ཡོད་ཀྱང་། ཀཱ་ཤ་མཱིར་གྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་གཞུང་འབྲེལ་ཡིག་ཆར་འཁོད་པ་ལས་སྡབ་གཅིག་གི་མང་བའི་ཚེ་སྲོག་ཤོར་ཡོད་ཅེས་བརྗོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༠༣

Leave a Reply

4 thoughts on “དྲག་སྤྱོད་པའི་མགོ་ཁྲིད་བསད་པར་ཀཱ་ཤི་མཱིར་མི་མང་གིས་ངོ་རྒོལ་བྱས།

  1. མགོ་ལོག་ཟླ་བྷེ།

    བཀུར་འོས་གསར་འགོད་པ་ལགས། གང་ཟག་གསུམ་པ་ལ་་་་་་ཁོ་་་་་ཁོས་་་་ཁོའི་་་་་་སོགས་སྐབས་བསྟུན་སྦྱོར་བ་ལས་་་་་་་་ཁོ་བོ་་་་་་ཁོ་བོས་་་་་ཁོ་བོའི་་སོགས་་འཇུག་གི་མ་རེད། ཁོ་བོ་སོགས་ནི་གད་ཟག་དང་པོ་སྟེ། ་་་་་་་ང་རང་དང་། བདག་གིས་སོགས་དང་གཅིག་པ་རེད། སྐྱེས་མ་ལ་ཡང་གང་ཟག་གསུམ་པ་ལ་་་་་མོ་་་་་་མོས་་་་མོའི་་་་སོགས་དང་། རང་ཉིད་ལ་ཁོ་མོ་སོགས་འཇུག་གི་རེད། ང་ཚོ་ཕྱི་ལོགས་ཀྱི་གསར་ཁང་དག་གིས་་་་་་་ཁོ་མོ་དང་ཁོ་བོ་སོགས་བཀོལ་ས་ནོར་མ་དག་རྒྱུན་འབྱམས་བྱས་པ་ཉུང་ཉུང་མིན་པས་ཐེངས་འདིར་མི་ཞུ་ཐབས་མེད་བྱུང་སོང་དགོངས་དག

  2. གཞུང་པ་ཚེ་དབང་བསོད་ནམས་

    ནག་མེད་ཞི་བའི་མི་མང་གི་ཚེ་སྲོག་ལ་རིན་ཐང་དང་ཆེ་མཐོང་མེད་ན་
    འགྲོ་བ་མིའི་ཐོབ་ཐང་ཟེར་བའི་གཏམ་དེ་མ་གླེང་ན་ཡག་གི་།