རྒྱ་མཚོ་མྱུལ་ཞིབ་པས་བྷལ་ཊིག་མཚོ་གཏིང་ནས་དངོས་པོ་ཡ་མཚན་ཞིག་རྙེད།

རྒྱ་མཚོ་མྱུལ་ཞིབ་པ་ཚོས་བྷལ་ཊིག་(BALTIC SEA)མཚོ་འོག་ཏུ་ངར་ལྕགས་ལས་གྲུབ་པའི་དངོས་པོ་བོང་ཚད་ཆེན་པོ་ཅན་ཞིག་གསར་རྙེད་སོན་བྱུང་ཡོད་པ་དང་། བཤད་ཚུལ་ལ་དངོས་གཟུགས་དེ་ལོ་ངོ་(140,000)གྱི་ཡར་སྔོན་ཞིག་གི་ཡིན་པར་བཤད།

ཨིན་སི་ཕར་ཌི་(INSPIRED)དྲ་བས་ ༢༠༡༧།༧།༢༩ ཉིན་སྤེལ་བའི་གནས་ཚུལ།
ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱུ་སྐར་དང་གླིང་ཕྲན་གཞན་པའི་གསང་བ་འཚོལ་བཞིན་ཡོད་ཀྱང་། ད་དུང་རང་ཉིད་ཀྱི་གླིང་ཕྲན་སའི་གོ་ལའི་སྟེང་གི་ལྐོག་གྱུར་གནས་ཚུལ་མང་པོ་ཞིག་རྙེད་སོན་དང་ངོས་འཛིན་བྱེད་ཐུབ་ཀྱི་མེད། རྒྱ་མཚོ་དང་གཙང་བོ། མཚེའུ་སོགས་ཀྱི་ནང་དུ་ཡོད་པའི་དངོས་གཟུགས་བརྒྱ་ཆ་ ༩༥ ལྷག་ད་དུང་མྱུལ་ཞིབ་བྱེད་ཐུབ་མེད།

རྒྱ་མཚོ་མྱུལ་ཞིབ་ཚན་རིག་པ་ཚོས་ ༢༠༡༡ ལོ་ནས་བྷལ་ཊིག་རྒྱ་མཚོ་(Baltic Sea)ཡི་གཏིང་ཚད་ཧྥི་ཁྲི་ ༣༠༠ ཙམ་གྱི་མཚམས་ནས་དངོས་གཟུགས་ཡ་མཚན་ཅན་ཞིག་རྙེད་སོན་བྱུང་ཡོད་པ་དང་། དེ་ལ་འདས་པའི་ལོ་ཤས་རིང་བརྟག་དཔྱད་བཏང་སྟེ་ཐུན་མོང་མ་ཡིན་པའི་དངོས་གཟུགས་ཁྱད་པར་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།

དངོས་གཟུགས་གསར་རྙེད་མཁན་(Peter Lindberg)ཡིས་ “ང་ནམ་རྒྱུན་དོགས་སྣང་ཆེན་པོ་ཅན་ཞིག་ཡིན། ཐེངས་འདིར་གཅིག་བྱས་ན་རྡོ་ཞིག་ལས་གང་ཡང་མི་རྙེད་ཀྱང་སྲིད་དྲན་སོང་མོད། ད་ཐེངས་འདིར་ང་ལ་ཉམས་མྱོང་ཆེན་པོ་ཞིག་རག་སོང་།” ཞེས་བརྗོད།

སི་ཝེ་དྷེ་ཤི་(Swedish)རྒྱ་མཚོ་མྱུལ་ཞིབ་ཚོགས་པ་(X)ཞེས་དང་སྐུ་ཞབས་ལེན་ཌི་བྷེར་(Lindberg)ལགས་ཀྱིས་སྣེ་ཁྲིད་པའི་ཁོང་གི་ལས་རོགས་(Denis Asberg)ཡིས་སྒྲ་རླབས་གཡོ་ཆས་ལ་བརྟེན་ཏེ་དངོས་གཟུགས་དེ་རྙེད་སོན་བྱུང་ཡོད་པ་དང་། དངོས་གཟུགས་དེའི་ཞེང་ཚད་ལ་མི་ཊིར་ ༦༠ (200 feet)དང་། མཐོ་ཚད་ལ་མི་ཊིར་ ༨ (26 feet)ཡོད་པའི་ཟུར་རྣོ་བོ་དང་ངོས་ཧ་ཅང་དྲང་མོ་ཡིན་འདུག དངོས་གཟུགས་དེའི་ངོས་སུ་གྲུ་བཞི་ནར་མོའི་དབྱིབས་གཟུགས་ཀྱིས་ཁྱབ་ཡོད་པ་གསལ་བོར་མངོན་ཡོད།

དངོས་གཟུགས་དེ་གང་ཞིག་ནས་འདྲེད་བརྡར་ཤོར་ཏེ་མཚོ་གཏིང་དུ་ཟེགས་པའི་རྟགས་ཤིག་མངོན་ཡོད་པ་དང་། དེ་མིན་དངོས་གཟུགས་ཧྲིལ་བོ་ “ཀ་བ་ཆེན་པོ” ཞིག་གི་སྒང་དུ་ཡོད་པ་ལྟ་བུའི་མཐོང་ཚུལ་བསྟེར།

དངོས་གཟུགས་དེར་ད་བར་བརྟག་དཔྱད་ཞིབ་འཇུག་དང་། ལྟ་གྲུབ་འདྲ་མིན་གྱིས་འགྲེལ་བཤད་བརྒྱབ་ཡོད་ཀྱང་། ཁ་ཚོན་བཅད་དེ་འགྲེལ་བཤད་གསལ་བོ་ཞིག་རྒྱག་ཐུབ་མེད་ཀྱང་། མ་མཐར་དངོས་གཟུགས་དེར་ལོ་ངོ་(140,000)ལྷག་གི་ལོ་རྒྱུས་ཡོད་སྐོར་བརྗོད་ཡོད་པ་དང་། སི་ཊོ་ཀི་ཧོམ་གཙུག་ལག་སློབ་གཉེར་(Stockholm University)ཁང་གི་ས་གཤིས་རིག་པའི་སློབ་དཔོན་(Volker Bruchert)ལགས་ཀྱིས་དངོས་གཟུགས་དེ་ལོ་ངོ་ཁྲི་ཕྲག་ཁ་ཤས་གོང་གི་ཡིན་པ་དང་། ཕྱིར་རྩིས་བྱས་ན་འཁྱག་རོམ་དུས་རབས་ཀྱི་ཡིན་པར་བརྗོད་ཡོད།

མྱུལ་ཞིབ་པ་(Denis Asberg)བསྐྱར་དུ་བཤད་རྒྱུར་ “ང་ཚོ་ངོ་མ་ཧང་སང་པ་དང་། མགོ་འཐོམ་པ་ཞིག་བྱུང་སོང་། ང་ཚོས་རྙེད་པའི་དངོས་པོ་དེ་ག་རེ་ཡིན་ནམ་སྙམ་ནས་བསམ་བློ་མང་པོ་བཏང་བ་ཡིན། དེ་ནི་གྲུ་གཟེངས་ཤིག་གི་ཆག་རོ་གཏན་ནས་མ་རེད། ང་ཚོས་དངོས་པོ་དེར་རང་བྱུང་གི་འགྲེལ་བཤད་ཅིག་ཡོད་ཐག་ཆོད་རེད་བསམ་སོང་།” ཞེས་བརྗོད།

ཁོང་གིས་མུ་མཐུད “ང་ཚོས་དེ་ལ་རྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱེད་དགོས་བསམ་སྟེ། ཁྱབ་བསྒྲགས་སོགས་མ་བྱས་པར་མཐའ་གཅིག་ཏུ་གསང་བར་ཉར་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོས་ས་གཤིས་རིག་པ་བ་དང་རྒྱ་མཚོ་རིག་པ་བ་སོགས་ལ་ཞིབ་འཇུག་བྱེད་དུ་བཅུག་པར། ཁོང་ཚོས་སྔོན་ཆད་འདི་འདྲའི་དངོས་གཟུགས་ཤིག་གཏན་ནས་མཐོང་མ་མྱོང་ཟེར། དེར་བརྟེན། ང་ཚོར་སྔར་ལས་ཀྱང་བསམ་བློ་གཏོང་དགོས་པ་མང་པོ་ཞིག་བཞག་སོང་། ཅིག་བྱས་ན། ང་ཚོས་གསར་རྙེད་བྱུང་བ་དེ་དངོས་ནས་ངོ་མཚར་ཅན་ཞིག་ཡིན་སྲིད། ” ཅེས་བརྗོད་སོང་།

ཁོ་ཚོས་ཐོག་མ་རྡོ་བ་ཞིག་ཡིན་པར་འདོད་ཡོད་ཀྱང་། དོན་དངོས་སུ་ངར་ལྕགས་ལས་གྲུབ་པའི་འཇིགས་གཡེར་བའི་དངོས་གཟུགས་ཤིག་ཡིན་པ་དང་། ཁོ་ཚོས་ཡང་དང་བསྐྱར་དུ་བརྟག་དཔྱད་བྱས་པར་ས་གཤིས་རིག་པ་བ་(Steve Weiner)ལགས་ཀྱིས། དེ་ནི་ངར་ལྕགས་ཀྱིས་གྲུབ་པ་ཞིག་ཡིན་སྟབས་རང་བྱུང་གིས་གྲུབ་པ་ཞིག་མིན་སྐོར་བརྗོད་ཡོད།

འཇིགས་སྣང་སྐྱེས་པ་ཞིག་ལ། རྒྱ་མཚོ་(X)མྱུལ་ཞིབ་ཚན་པའི་གློག་གི་གྲུ་གཟིངས་ནས་དངོས་གཟུགས་བརྟག་དཔྱད་བྱེད་མགོ་ཚུགས་ཏེ། དངོས་གཟུགས་དེའི་ཁ་ཐད་དུ་བསླེབས་མ་ཐག་གྲུ་གཟིངས་ཐོར་ཞིག་ཏུ་ཕྱིན་ཡོད།

སློབ་དཔོན་(Stefan Hogerborn)གྱིས་ “དངོས་གཟུགས་དེར་གློག་གི་རིགས་གང་རུང་ཞིག་གི་ནུས་པ་ཡོད་པ་དང་། མཐའ་ན་འཁོར་སྐར་ཁ་པར་ཡང་དངོས་གཟུགས་དེའི་ཁ་ཐད་དུ་བསླེབས་པ་དང་བརྡ་རྟགས་ཆད་འགྲོ་བཞིན་འདུག” ཅེས་བརྗོད་ཡོད། ཁོས་ “ང་ཚོ་དངོས་གཟུགས་དང་ཁ་བྲལ་ཏེ་རྒྱང་ཐག་རྨིད་ ༢༠༠ ཙམ་དུ་ཕྱིན་སྐབས། གཞི་ནས་བརྡ་རྟགས་རིགས་བསྐྱར་དུ་སྒོ་ཕྱེ་ཡོང་གིན་འདུག འོན་ཀྱང་། ང་ཚོ་ཕྱིར་དངོས་གཟུགས་དེའི་ཉེ་འཁྲིས་སུ་བཅར་ན་གློག་ཆས་དེ་དག་གིས་ལས་ཀ་བྱེད་ཀྱི་མི་འདུག” ཅེས་བརྗོད་ཡོད་པ་རེད།

ཁོ་ཚོས་དངོས་གཟུགས་དེར་ཐེངས་གཉིས་པ་ལྟ་ཞིབ་བྱེད་སྐབས། ཨི་ཁུང་ནག་པོ་ཞིག་ནས་བརྒྱུད་པའི་སྐེའུ་འཛེགས་ལྟ་བུའི་དབྱིབས་ཞིག་མཐོང་ཡོད། ཡིན་ན་ཡང་བརྟག་དཔྱད་པ་ཚོས་ད་དུང་དོགས་གཞི་ཙམ་ལས་ཐག་གཅོད་གང་ཡང་བྱས་མེད་པར་ཁོང་ཚོས་ད་དུང་བརྟག་དཔྱད་བྱ་དགོས་པ་དང་། གཅིག་བྱས་ན་དངོས་གཟུགས་དེའི་ནང་དུ་འཛུལ་ཐུབ་སའི་མནའ་སྔ་མོའི་མཁའ་སྐྱོད་འཕུར་གྲི་ཞིག་ཡིན་ཡང་སྲིད་ཅེས་བརྗོད་ཡོད།

དངོས་གཟུགས་དེའི་རྒྱབ་ངོས་སུ་རྒྱ་མཚོའི་གཏིང་ལ་འདྲེད་བརྡར་ཤོར་བའི་རྟགས་ཤིག་ཡོད་པ་དེ་ཅི་ཞིག་ཡིན་ནམ། དངོས་གཟུགས་དེ་ལོ་ངོ་སྟོང་ཕྲག་བཅུའི་གོང་དུ་ས་གཞིར་བརྡབ་སྐྱོན་བྱུང་བ་མིན་ནམ། གནད་དོན་འདིར་བརྟག་དཔྱད་གཏོང་མཁན་ཚོའི་ལྟ་ཚུལ་ཁག་གཉིས་སུ་གྱེས་ཡོད་ཅིང་། ཁག་ཅིག་གིས་དངོས་གཟུགས་དེའི་ངོས་སུ་གཞི་འཛིན་ཐུབ་པའི་གནས་ཚུལ་དེ་ཙམ་མེད་སྐོར་ཡང་བརྗོད།

ད་སྔ་སུ་གང་གིས་ཀྱང་དངོས་གཟུགས་དེར་དུས་ཡུན་རིང་བོའི་བརྟག་དཔྱད་བྱེད་ཀྱི་མེད་སྟབས། བྷལ་ཊིག་རྒྱ་མཚོའི་གཏིང་གི་ཁྱད་འཕགས་དངོས་གཟུགས་དེ་ལྐོག་གྱུར་ངང་ལྷག་འགྲོ་བའི་ཉེན་ཁའང་ཡོད་སྲིད།

གསར་འགྱུར་འདིའི་མ་ཁུངས(Beyond Science)ཞེས་པ་ནས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༠༤

Leave a Reply

4 thoughts on “རྒྱ་མཚོ་མྱུལ་ཞིབ་པས་བྷལ་ཊིག་མཚོ་གཏིང་ནས་དངོས་པོ་ཡ་མཚན་ཞིག་རྙེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    གསར་འགོད་པའི་རང་དབང་ལ་ས་མཚམས་མེད་ན་དངོས་ཡོད་གནས་ཚུལ་ཡག་སྡུག་གང་ཡིན་ཡང་དུས་ཐོག་ཏུ་སྤེལ་དགོས་པ་དེ་གསར་འགོད་པའི་ལས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  2. མཁའ་སྐྱོད་འཕུར་གྲི་ཟེར་ན་ཅི་ཞིག་རེད་དམ། གྲི་རེད་དམ་ཡང་ན་གནམ་གྲུ་རེད་དམ་ཡང་ན་གྲུ་གཟེངས་རེད་དམ

  3. གསར་འགྱུར་འདི་རིགས་འགོད་སྤེལ་གནང་བ་ཧ་ཅང་ཡག་པོ་རེད། བོད་པའི་གསར་ལམ་ཁག་ཏུ་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་ནི། མཚན་རིག་གི་གསར་འགྱུར་དང་། དཔལ་འབྱོར་གསར་འགྱུར། གློག་བརྙན་གསར་འགྱུར། རྩེད་རིགས་གསར་འགྱུར། འཕྲོད་བསྟེན་གསར་འགྱུར་སོགས་མེད་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐྱག་རྫུན་དང་གཞུང་དང་ཚོགས་སྡེ་ཁག་གི་ལོ་འཁོར་མཛད་སྒོ་ཙམ་སྤེལ་སྡོད་པ་དེ་འགྲིག་གི་མི་འདུག