པེ་ཅིན་གྲོང་ཁྱེར་གྱི་ཕྱི་མི་ཁྲི་ཕྲག་མང་པོ་ཕྱིར་འཕུད།

པེ་ཅིན་གྲོང་ཁྱེར་དུ་གནས་སྡོད་བྱེད་བཞིན་ཡོད་པའི་ས་གནས་གཞན་གྱི་མི་ཁྲི་ཕྲག་མང་པོ་བཙན་གྱིས་ཕྱིར་འཕུད་གཏོང་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ལྷིང་འཇགས་དང་ལེགས་སྐྲུན་ལེགས་བཅོས་སོགས་ལ་ཁ་གཡར་ཏེ། འདས་ལོ་ནས་བཟུང་པེ་ཅིན་གྲོང་ཁྱེར་གྱི་ཕྱོགས་སོ་སོར་ཡོད་པའི་ཁྲོམ་ར་དང་བཟོ་གྲྭ། ཁེ་ལས་ཁང་སོགས་བཙན་གྱིས་གཏོར་ཏེ་རྩ་མེད་བཟོ་ཡི་ཡོད་པ་མ་ཟད། པེ་ཅིན་གྲོང་ཁྱེར་ནང་གནས་སྡོད་བྱེད་བཞིན་པའི་ས་གནས་གཞན་གྱི་མི་མང་ཁྲི་ཕྲག་མང་པོ་བཙན་གྱིས་ཕྱིར་འཕུད་གཏོང་བཞིན་ཡོད་འདུག་ལ། ཁྲིམས་འགལ་གྱིས་འཛུགས་སྐྲུན་གནས་སྡོད་བྱས་པའི་ཉེས་མིང་འོག་གུན་གསབ་གང་ཡང་སྤྲོད་ཀྱི་མེད་པ་རེད།

དེ་ཡང་ཕྱིའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ནང་ཚུན་དུ་ཅིན་གྲོང་ཁྱེར་གྱི་ཤར་ཁུལ་ནས་མི་གྲངས་ཁྲི་ ༡༤ མ་ཟིན་ཙམ་ཉུང་དུ་གཏོང་རྒྱུ་མ་ཟད། འདི་ལོར་སྨི་གྲུ་བཞི་མ་ཁྲི་ ༥.༥ ཡི་ས་འོག་གླ་གཏོང་སྡོད་ཁང་གཙང་བཟོ་དང་། དེ་བཞིན་གྲོང་ཁྱེར་ནུབ་ཁུལ་ནས་ཕྱི་མི་ཁྲི་ ༢༠ ཉུང་དུ་གཏོང་བ་དང་། ཁྲོམ་ར་མང་པོ་མེད་པ་བཟོ་ཡི་ཡོད་པ་རེད། གཞན་ཡང་། པེ་ཅིན་གྲོང་ཁྱེར་གྱི་ཤར་བྱང་ཁུལ་དུ་ཡོད་པའི་ཁྲོ་ཡང་རྫོང་ཁུལ་གྱི་ཡུལ་འཁྱམ་པ་ཁྲི་ ༢༥ ཉུང་དུ་གཏོང་རྒྱུ་དང་། ཁྲོམ་ར་ ༥༣། སྤྱིར་བཏང་གི་བཟོ་ལས་ཁང་ ༨༣། ཅ་དངོས་རྙིང་པ་བསྡུ་ལེན་ཁང་ ༡༥། གླ་གཏོང་རླངས་འཁོར་འཇོག་ས་ ༧༥ བཅས་ཉུང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་ནུབ་བྱང་ཁུལ་གྱི་ཧེ་ཌེན་རྫོང་ཁུལ་ནས་མི་ཁྲི་ ༥༠ ཉུང་དུ་གཏོང་རྒྱུ་དང་། བཟོ་ལས་ཁེ་ལས་ཁང་ ༨། ཁྲོམ་ར་ ༡༢ ལེགས་བཅོས་ཕྱིར་འཕུད་གཏོང་འཆར་ཡོད་འདུག

གཙང་བཟོའི་ལས་གཞི་དེའི་འོག་གྱོང་གུད་ཐེབས་པའི་ཁྲོམ་རའི་བདག་པོ་ཞིག་གིས། དབུས་གཞུང་ནས་ཐག་གཅོད་བྱས་ཏེ་འདས་ལོ་ནས་བཟུང་པེ་ཅིན་གྲོང་ཁྱེར་སྲིད་གཞུང་ནས་ལས་གཞི་མགོ་བཙུགས་ཡོད་པ་དང་། ལས་གཞི་དེ་སྤྱི་ཚོགས་ཞི་འཇགས་དང་ཁོར་ཡུག་གཙང་དག་ཡར་རྒྱས་ཆེད་དུ་ཡིན་ལུགས་བརྗོད་དེ། སྨི་གྲུ་བཞི་མ་ཁྲི་ ༡༢༠༠ ཙམ་གྱི་སར་ཡོད་པའི་མི་མང་སྡོད་ཁུལ་སོགས་གཏོར་བཤིག་བཏང་སྟེ་མི་ཚང་མ་ཕྱིར་འཕུད་བཏང་ཡོད་པའི་གྲངས་འབོར་ཁོ་རང་གིས་དངོས་སུ་མཐོང་ཡོད་སྐོར་དང་། སྲིད་གཞུང་གིས་ཁྲོམ་ར་བཙན་གྱིས་གཏོར་བ་དེས་ཁོ་རང་ལ་རྒྱ་སྒོར་ས་ཡ་ ༦ ལས་བརྒལ་བའི་གྱོང་གུད་བཟོས་ཡོད་ཀྱང་། ཁྲིམས་འགལ་འཛུགས་སྐྲུན་བྱས་པའི་ནག་ཉེས་བཙུགས་ཏེ་གུབ་གསབ་སྤྲོད་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

ཡང་པེ་ཅིན་དུ་གནས་སྡོད་བྱས་ཡོད་པའི་སྒྱུ་རྩལ་བ་ཞིག་གིས། ཟླ་ཤས་སྔོན་པེ་ཅིན་སྲིད་གཞུང་གིས་སྡོད་མང་ཁུལ་དུ་ཡོད་པའི་ཕྱི་མི་མང་པོ་བཙན་གྱིས་ཕྱིར་འཕུད་བཏང་ཡོད་པ་དང་། ཕྱི་མི་དེ་ཚོ་པེ་ཅིན་དུ་ཡོང་ནས་གཏན་སྡོད་ཀྱི་གནས་མེད་པའི་ཉམ་ཐག་ཁྱུ་གཅིག་ཆགས་ཡོད་ཀྱང་། སྲིད་གཞུང་གིས་བརྟན་བརླིང་མི་ཡོང་བའི་རྐྱེན་རྩ་ཞིག་ཏུ་ངོས་འཛིན་གྱིས་ཕྱིར་འཕུད་བཏང་ཡོད་སྐོར་བརྗོད་འདུག

རྒྱ་གཞུང་གི་ཕྱི་ལོ་ ༢༠༡༦ ལོའི་ཡུལ་འཁྱམ་པའི་གྲངས་འབོར་བསྡོམས་རྩིས་ལྟར་ན། ད་ལྟའི་ཆར་པེ་ཅིན་གྲོང་ཁྱེར་ཡོངས་སུ་གཏན་སྡོད་མི་གྲངས་ས་ཡ་ ༢༡ དང་འབུམ་ ༥ ལྷག་ཡོད་པ་དང། ཕྱི་ནས་ཡོང་བའི་གཏན་སྡོད་པས་བརྒྱ་ཆ་ ༣༧.༩ ཟིན་ཡོད་འདུག པེ་ཅིན་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་གླིང་གི་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྙན་ཐོའི་ནང་ཉེ་བའི་ལོའི་ནང་པེ་ཅིན་གྲོང་ཁྱེར་གྱི་གཏན་སྡོད་ཡུལ་འཁྱམ་པའི་གྲངས་འབོར་ཧ་ཅང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་པེ་ཅིན་གྱི་ཡུལ་འཁྱམ་པ་བརྒྱ་ཆ་ ༡༤ ལྷག་གིས་པེ་ཅིན་དུ་སྡོད་ཁང་ཉོས་ཡོད་པར་བཤད།

རྒྱ་ནག་གཞུང་གིས་ཞིང་ལས་དང་ཞིང་ལས་མིན་པའི་ཁྱིམ་ཐོ་ཡིས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཞིང་གྲོང་ནས་གྲོང་ཁྱེར་དུ་ཡོང་མཁན་ཚོར་ཡུན་རིང་ནས་ལས་ཀ་དང་བྱིས་པ་སློབ་འཇུག་སོགས་ཀྱི་ཐད་ཚད་འཛིན་ངེས་ཅན་བྱེད་ཀྱི་ཡོད་པའི་ནང་ནས་པེ་ཅིན་གྲོང་ཁྱེར་ནི་ཆེས་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག ས་གནས་གཞན་ནས་ཡོང་བའི་མི་ཚོར་དཔང་ཡིག་མང་པོ་ཡོད་ན་ད་གཟོད་པེ་ཅིན་དུ་གནས་སྐབས་རིང་བསྡད་ཆོག་པའི་ལག་འཁྱེར་རག་གི་ཡོད་ནའང་། ཕྱི་མི་དེ་ཚོའི་བུ་དང་བུ་མོ་པེ་ཅིན་ནས་སློབ་གྲྭར་འགྲོ་བར་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༥ པའི་ནང་པེ་ཅིན་དུ་གནས་སྡོད་བྱས་ཡོད་པའི་ཕྱི་མི་ཞིག་གིས་བུ་དང་བུ་མོ་སློབ་གྲྭར་བཅུག་མ་ཐུབ་པར་འུ་ཐུག་ནས་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༠༤

Leave a Reply

2 thoughts on “པེ་ཅིན་གྲོང་ཁྱེར་གྱི་ཕྱི་མི་ཁྲི་ཕྲག་མང་པོ་ཕྱིར་འཕུད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྲིམས་འགལ་དང་སྒྲིག་འགལ་གྱི་སྤྱི་ས་ཧམ་བཟུང་བྱ་མཁན་རྒྱ་ནག་ཙམ་མ་ཡིན་པར་ལུང་པ་ཚང་མའི་ནང་ཡོད་པ་དེ་དག་ལ་གཙང་སེལ་བྱ་དགོས་པ་སྲིད་གཞུང་གི་ལས་འགན་ཆགས་པ་མ་རེད་དམ་?

  2. བསྟན་འཛིན་རྒྱ་མཚོ།

    ཡ། འོ་ན། བོད་ཁམས་ཡོངས་ཀྱི་རང་སའི་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོབ་ཆེད། བོད་མདོ་དབུས་ཁམས་གསུམ་གྱི་ཁུང་གཏོགས་མ་ཡིན་པའི་ཕྱི་མི་རྒྱ་རིགས་གནས་སྤོས་པ་དག་ཀྱང་བཙན་གྱིས་སོ་སོའི་ཡུལ་ལུང་གང་ཡིན་ལ་གཏོང་བ་ཡང་། ། རྒྱ་ཀུང་ཁྲན་གྱི་ཁྲིམས་དང་མཐུན་པ་ཞིག་ཡིན་འདུག །འོན་ཀྱང་ཁོ་ཚོས་དེ་ལྟར་ཕྱིར་འབུད་མི་གཏོང་ནའང་། ང་ཚོ་བོད་པས་ཁོ་ཚོ་ཕྱིར་འབུད་བཏང་ན་ཁྲིམས་དང་འགལ་མི་འདུག་སྙམ།