རྒྱ་ནག་གི་དྲ་ཐོག་ཚོང་གཉེར་བ་ཕྱུག་བདག་རྗེ་ཁི་མཱ་ཡི་དཀའ་སྤྱད་ཀྱི་མི་ཚེ།

མཱ་ཡི་ཆུང་དུས་ཀྱི་ལོ་རྒྱུས་གནད་བསྡུས།

རྗེ་ཁི་མཱ་ནིི་རྒྱ་ནག་ལྷོ་རྒྱུད་ཀྱི་ཧཱང་ཀྲུའུ་(Hangzhou)གྲོང་ཁྱེར་ཀྲེ་ཅིང་( Zhejiang)ས་ཆ་རུ་སྤྱི་ལོ་ ༡༩༦༤ ལོའི་ཟླ་ ༩ པའི་ཚེས་ ༡༠ ཉིན་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་རིམ་པར་འགྲིམ་སྟེ་ཧཱང་ཀྲུའུ་གཙུག་ལག་སློབ་ཆེན་(Hangzhou Normal University,)ཞེས་པ་རུ་ཚོང་ལས་རིག་པའི་ཐོག་སློབ་མཐར་ཕྱིན་ཡོད།

ཁོང་ནི་ཆུང་དུས་ནས་ལས་ལ་བརྩོན་ཞིང་བྱ་བ་གང་ལ་ཐུག་ཀྱང་ཧུར་ཐག་གིས་འབད་མཁན་ཞིག་ཡིན་པ་དང་། སློབ་མཐར་ཕྱིན་རྗེས་རང་ཁྱིམ་གྱི་ཉེ་འཁོར་མགྲོན་ཁང་ཞིག་ཏུ་ལས་ཀ་བྱས། ཁོང་གིས་སྐབས་དེ་དང་བསྟུན་ཏེ་དབྱིན་ཡིག་སྦྱོང་མགོ་བརྩམས་ཤིང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དག་རིན་མེད་ཐོག་གྲོང་ཁྱེར་དུ་ལྟ་སྐོར་ལ་ཁྲིད་དེ་མཉམ་དུ་ཁོ་རང་གི་དབྱིན་སྐད་ཡར་རྒྱས་གཏོང་ཐབས་བྱས།

ཁོས་དེ་ལྟར་ལས་ཀ་དེ་མུ་མཐུད་ལོ་ངོ་དགུ་ལ་གཉེར་ཡོད་པ་དང་། བར་སྐབས་ཤིག་ནས་ཁོ་རང་ཕྱི་གླིང་བ་ཞིག་དང་སྨྱུག་གྲོགས་ཆགས་ཏེ་དབྱིན་ཡིག་གི་འབྲི་རྩལ་སྦྱངས། ཕྱི་གླིང་བ་དེས་ཁོའི་རྒྱ་ཡིག་གི་མིང་མཱ་ཡོན(馬雲(Mǎ Yún))ཞེས་པ་དེ་འབོད་ཁག་པོ་འདུག་ཅེས་སྨྱུག་མིང་ལ་(Jack)ཞེས་བཏགས་ཡོད་འདུག དེ་ནས་བཟུང་ཁོའི་སྨྱུག་མིང་གི་ཕྱེད་དང་དངོས་མིང་གི་ཕྱེད་ཀ་གཉིས་སྦྱར་ནས་རྗཱ་ཁི་མཱ(Jack Ma)ཞེས་པའི་མིང་ཆགས་ཡོད་འདུག

མཱ་ཡི་ན་གཞོན་དུས་སྐབས།

ཁོང་སློབ་འབྲིང་ཐོན་རྗེས་སློབ་ཆེན་ལ་འཛུལ་ཞུགས་ཡིག་རྒྱུགས་སྤྲད་པར། ཁོས་ཡིག་ཚད་དེ་མ་འཕྲོད་པར་ལོ་ངོ་བཞི་ལ་མུ་མཐུད་དུ་གཏོང་དགོས་བྱུང་ཡོད་པ་རེད། རྒྱ་ནག་གི་སློབ་ཆེན་འཛུལ་ཞུགས་ཡིག་རྒྱུགས་ལོ་རེར་ཐེངས་རེ་ལས་མེད་པས་ཁོས་བསྟུན་མར་ལོ་བཞི་ལ་ཡིག་རྒྱུགས་གཏོང་དགོས་བྱུང་ཡོད། མཐའ་མ་དེར་ཁོས་ཧོང་ཙོ་དགེ་འོས་སློབ་ཆེན་(Hangzhou Teacher’s Institute)དུ་འཛུལ་ཞུགས་རྒྱུགས་འཕྲོད་དེ་ ༡༩༨༨ ལོ་སློབ་ཆེན་དེ་ནས་དབྱིན་ཡིག་རབ་འབྱམས་པའི་སློབ་མཐར་ཕྱིན།

སློབ་མཐར་ཕྱིན་རྗེས་ཁོས་ལས་ཀ་བཙལ་ཏེ་ལས་ཁུངས་དང་བཟོ་གྲྭ་སོགས་ལས་རིགས་ ༣༠ ལྷག་གི་ནང་དུ་སྙན་ཞུ་ཕུལ་ཡང་ཚང་མས་ངོས་ལེན་བྱས་མེད། དེ་ནས་ཁོས་སྐོར་སྲུང་ཉེན་རྟོག་པའི་ལས་ཀ་འཚོལ་དུ་ཕྱིན་ཡང་ཁོའི་ཕྱི་ཚུལ་གྱིས་ངོས་ལེན་བྱས་མི་འདུག མཐར་རྒྱལ་སྤྱིིའི་ཐོག་མིང་གྲགས་ཡོད་པའི་ཁཱན་ཊོ་ཁཱེ་ཡི་བྱ་ཤ་བསྲེགས་མའི(KFC)(Kentucky Fried Chicken)ཟ་ཁང་ཧཱང་ཀྲུའུ་(Hangzhou)གྲོང་ཁྱེར་དུ་བསླེབས་ཏེ་ལས་མི་བསྡུ་མགོ་བརྩམས་པར། ཁོ་ལས་མི ༢༤ དང་མཉམ་དུ་ཐོ་འགོད་བྱས་ན་ཡང་ལས་མི་ ༢༣ བདམས་ཟིན་རྗེས་ཁོ་རང་གཅིག་པུ་ངོས་ལེན་མ་བྱས་པར་ལུས།

༡༩༩༤ ལོ་ནས་ཁོས་ཨ་རིའི་ཧཱ་ཝར་ཌི་(Harvard)གཙུག་ལག་སློབ་ཆེན་དུ་ཐེངས་ ༡༠ ལ་འཛུལ་ཞུགས་སྙན་ཞུ་ཕུལ་ཡང་ངོས་ལེན་བྱས་མེད། དེ་རྗེས་ ༡༩༩༥ ལོར་ཁོང་གི་གྲོགས་པོས་རོགས་སྐྱོར་འོག་ཁོ་ཨ་རིར་ཐོག་མར་འགྲོ་ཐུབ་པ་བྱུང་ཞིང་། གྲོགས་པོས་ཁོ་ལ་གློག་ཀླད་དང་དྲ་རྒྱ་སོགས་ངོ་སྤྲོད་བྱས་ཤིང་། ཁོས་ཐོག་དང་པོ་དྲ་རྒྱའི་ནང་དུ་སྦི་རག་(beer)ཞེས་པའི་ཚིག་དེ་འཚོལ་བཤེར་བྱས་ཡོད་པ་དང་། ཁོས་དེའི་སྐོར་ལ་རྒྱལ་ཁབ་མང་པོ་ཞིག་གི་འགྲེལ་བཤད་མི་འདྲ་བ་ཡོད་པ་རྙེད་སོན་བྱུང་ཡོད། འོན་ཀྱང་། ཁོས་རྒྱ་ནག་སྐོར་ནས་བཙལ་སྐབས་ཅི་གང་རྙེད་མེད་སྟབས། ཁོ་དེ་ལ་ཡ་མཚར་ཆེན་པོ་སྐྱེས་ཏེ་མཐའ་མར་ཁོ་དང་ཁོ་རང་གི་གྲོགས་པོ་ཡིས་རྒྱ་ནག་དང་འབྲེལ་བ་ཡོད་པའི་དྲ་ཚིགས་ཆུང་ཆུང་ཞིག་བཟོས་ཏེ་ཕྱི་ལ་བཏོན་པར། རྒྱ་ནག་གི་མི་ཁ་ཤས་ཤིག་གིས་ཁོ་ལ་གློག་འཕྲིན་བཏང་སྟེ་རྒྱབ་སྐྱོར་དང་བསྔགས་བརྗོད་ཀྱི་ཤེས་ཚིག་སོགས་ཕུལ་ཡོད་འདུག

དེ་དང་མཉམ་དུ་ཁོས་དྲ་རྒྱའི་ལམ་ནས་ལས་གཉེར་བྱ་ཐུབ་པའི་གདེང་ཚོད་རྙེད་དེ། ཁོ་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་གྲོགས་པོ་ཚོར་ཨ་སྒོར་ ༢༠.༠༠༠ ལྷག་གཡར་ནས་ཆེས་ཐོག་མའི་དྲ་ཐོག་ལས་གཉེར་ཁང་ཆུང་ཆུང་ཞིག་བཙུགས་ཡོད། དེ་ཡི་མིང་ལ་(China Yellow Pages)ཞེས་བཏགས། དྲ་ཚིགས་དེ་བརྒྱུད་དེ་ལོ་གསུམ་ནང་ཁོས་རྒྱ་སྐོར་(5,000,000 Yuan)ལྷག་བསགས་ཐུབ་པ་བྱུང་ཡོད།

མཱ་ཡི་ཁེ་ལས་གཉེར་མགོ་ཚུགས་པའི་ལོ་རྒྱུས་གནད་བསྡུས།

༡༩༩༨ ལོ་ནས་རྒྱ་ནག་ལ་དྲ་རྒྱའི་འབྲེལ་མཐུད་བྱུང་བ་དང་། ཁོ་ཡང་ཕྱིར་རང་གི་ཕ་ཡུལ་ཧཱང་ཀྲུའུ་(Hangzhou)ལ་སོང་སྟེ་ཨ་ལེ་བྷ་བྷ་(Alibaba)དྲ་ཐོག་ཚོང་གཉེར་ཁང་འཛུགས་མགོ་བརྩམས། དང་པོ་གྲོགས་པོ་ཚོར་སྒོར་མོ་གཡར་ནས་ལེགས་འགྲུབ་མ་བྱུང་བ་སོགས་ཀྱི་དཀའ་ཁག་མང་པོར་འཕྲད་ན་ཡང་། ཁོས་མཚམས་མ་བཞག་པར་མུ་མཐུད་འབད་བརྩོན་ཆེན་པོ་བྱས་ཏེ། ཁོ་རང་གི་ལས་དོན་ཡར་རྒྱས་ཚགས་ཚུད་དུ་བཏང་། ༢༠༠༠ ལོར་ཁོང་གི་དྲ་ཐོག་ཚོང་གཉེར་ཁང་གིས་ཨ་སྒོར་ས་ཡ་ ༢༥་($25 million)ཙམ་གསོག་ཐུབ་པ་བྱུང་ཡོད་སྟབས། ཁོས་མུ་མཐུད་དྲ་ཐོག་ཚོང་གཉེར་ཁང་ཨ་ལེ་མཱ་མཱ་དང་(Ali Mama)དང་། ལཱན་རྫི་(Lynx)དང་ཊཱ་བྷོ་སོགས་གཉེར་བས། འཛམ་གླིང་གི་དྲ་ཐོག་ཚོང་གཉེར་ཁང་ཆེ་ཤོས་ཨེ་བྷེ་(eBay)དང་། ཡཱ་ཧོ(yahoo)རྗཱ་རེ་ཡཱོན(Jerry Yang)སོགས་ཀྱིས་ཨ་སྒོར་དུང་ཕྱུར་ ༡ ལྷག་སྤྲད་དེ་ཉོ་ཐབས་བྱས་ཡོད་པ་རེད། ༢༠༡༤ ལོར་ཨ་ལེ་བྷ་བྷ་དྲ་ཐོག་ཚོང་གཉེར་ཁང་གི་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༢༥་($25)ལ་བསླེབས་ཏེ་འཛམ་གླིང་ཡོངས་ཀྱི་དྲ་ཐོག་ཚོང་ཁང་ཡག་ཤོས་ཆགས། དུས་དེ་ནས་བཟུང་ཁོ་འཛམ་གླིང་ཡོངས་ཀྱི་གཙུག་ལག་སློབ་ཆེན་ཁག་ལ་གཏམ་བཤད་སྤེལ་བར་གདན་འདྲེན་བྱས་ཤིང་། ༢༠༡༧ ལོར་མཱ་དང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཉིས་ཀྱིས་ཊི་རུམ་ཕི་ཚོང་འབྲེལ་ཁང་བརྩེགས་ནང་དུ་འཇལ་འཕྲད་བྱས་ཏེ། མ་འོངས་པའི་ལོ་ལྔའི་ནང་ཨ་རིར་ཨ་ལེ་བྷ་བྷ་ཚོང་གཉེར་ཁང་གི་ལས་ཀ་བ་ས་ཡ་གཅིག་ཇི་ལྟར་བསྐྲུན་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་ཡོད།

༢༠༠༤ ལོར་རྒྱ་ནག་གཞུང་གི་བརྙན་འཕྲིན་དྲ་བས་མཱ་རྒྱ་ནག་གི་ལོ་དེའི་ཚོང་གཉེར་མགོ་ཁྲིད་རྩེ་ཕུད་བཅུའི་ནང་དུ་བདམས་ཡོད། ༢༠༠༥ལོའི་ཟླ་དགུ་བར་འཛམ་གླིང་དཔལ་འབྱོར་ཚོང་འབྲེལ་ལྷན་ཚོགས་ཀྱིས་མཱ་འཛམ་གླིང་གི་ན་གཞོན་མགོ་ཁྲིད་གྲས་སུ་བདམས་པ་དང་། ལོ་དེར་ཧྥོར་ཆོན་དུས་དེབ་(Fortune Magazine)ཀྱིས་ཇེ་ཁུ་མཱ་ལོ་དེའི་ཚོང་གཉེར་མི་སྣ་རུ་བདམས་ཐོན་བྱུང་། ༢༠༠༧ ལོར་ཨ་རིའི་བྷ་རོན་(Barron)དུས་དེབ་ཀྱིས་འཛམ་གླིང་གི་དྲ་ལམ་ཚོང་གཉེར་བ་ཡག་ཤོས་ ༣༠ གྲས་སུ་བདམས།

༢༠༠༩ ལོའི་ཟླ་ ༥ པར་(Time magazine)དུས་དེབ་ཀྱིས་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་ ༡༠༠ ཡི་གྲས་སུ་བདམས། ༢༠༠༩ ལོར་ཁོང་རྒྱ་ནག་གི་གུས་བརྩི་ཆེ་ཤོས་ཁེ་ལས་པ་ ༡༠ ཡི་གྲས་སུ་བདམས། ལོ་དེར་རྒྱ་ནག་གཞུང་འབྲེལ་དྲ་བ་(CCTV)ཡིས་ལོ་དེའི་དཔལ་འབྱོར་ཅན་གྱི་མི་ཞེས་པའི་བྱ་དགའ་གནང་། ༢༠༡༠ ལོར་ཨ་རིའི་( Forbes)དུས་དེབ་ཀྱིས་ཁོང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་དབུལ་ཕོངས་དང་ནད་པ་སོགས་ལ་ཞལ་འདེབས་ཤུགས་ཆེན་པོ་གནང་བཞིན་ཡོད་པར་འགྲོ་བ་མིའི་རིགས་ལ་བརྩེ་སེམས་ཆེ་བའི་དཔའ་བོ་རུ་བདམས་ཐོན་བྱུང་།

༢༠༡༣ ལོར་ཧོང་ཀོང་ཚན་རིག་དང་འཕྲུལ་ལས་གཙུག་ལག་སློབ་ཆེན་གྱིས་ཁོང་ལ་སློབ་དཔོན་གྱི་ཕྱག་འཁྱེར་བསྩལ། ༢༠༡༤ ལོར་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཆེ་བའི་མི་སྣ་བདམས་པའི་ཁྲོད་ཁོང་ཨང་ ༣༠ བར་བསླེབས་ཡོད། ༢༠༡༥ལོར་ཨེ་ཤ་ཡའི་ལོ་དེའི་ཁེ་ལས་པའི་བྱ་དགའ་ཁོ་ལ་ཐོབ། ༢༠༡༧ ལོར་ཧྥོར་ཆོན་(Fortune)དུས་དེབ་ཀྱིས་ཁོ་རང་འཛམ་གླིང་གི་རླབས་ཆེ་བའི་དབུ་ཁྲིད་ ༥༠ ཡི་གྲས་སུ་བདམས་ཐོན་བྱུང་ཡོད།

ད་ལྟ་ཁོང་ལ་ཨ་སྒོར་ཐེར་འབུམ་($41.8 billion)ཡོད་པའི་ཕྱུག་བདག་ཆེན་པོ་ཆགས་ཏེ་ ༢༠༡༧ ལོའི་ཟླ་ ༦ པ་ནས་ཁོ་རང་ཨེ་ཤ་ཡའི་ཆེས་ཕྱུག་ཤོས་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཕྱུག་ཤོས་ཨང་ ༡༤ བ་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཁྱབ་ཀྱི་ཁེ་ལས་པ་དང་འགྲོ་བ་མིའི་རིགས་ལ་བརྩེ་སེམས་ཆེ་བའི་མི་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

གཤམ་འདིར་ཁོང་གི་མི་ཚེའི་ལེགས་འགྲུབ་ཀྱི་བསླབ་བྱ་བརྒྱད་དང་། ལ་ཤས་ཀྱིས་མཱ་ཡི་ལེགས་འགྲུབ་ཀྱི་གསང་བའི་གནད་དོན་བརྒྱད་ཅེས་འབོད་མཁན་ཀྱང་ཡོད།

གཅིག བཟོ་ལས་ཁང་གཉེར་ན་བུད་མེད་ལས་ཀ་བ་བསྡུ་དགོས།

ཨཱ་ལེ་བྷ་བྷ་ཚོང་གཉེར་ཁང་གིས་བུད་མེད་ལས་ཀ་བ་ག་ཚོད་མང་མང་བསྡུ་བ་ནི་ཨ་ལེ་བྷ་བྷ་ཚོང་གཉེར་ཁང་གི་གསང་བ་ཞིག་ཡིན། སྐུ་ཞབས་མཱ་ཡིས། “སྐྱེས་པ་དང་བསྡུར་ན་བུད་མེད་ཚོས་མི་གཞན་གྱི་བདེ་སྡུག་ལ་དོ་སྣང་དང་སེམས་ཁུར་ཆེ་བ་བྱེད་པ་དང་། དུས་རབས་ ༢༡ པའི་ནང་བུད་མེད་ཀྱི་ནུས་སྟོབས་ནི་ཧ་ཅང་ཆེན་པོ་རེད། དུས་རབས་སྔོན་མ་དག་ལ་ང་ཚོས་སྟོབས་ཤུགས་འགྲན་རྩོད་བྱས་ཏེ་ཡོང་ན་ཡང་། དུས་རབས་འདི་ནི་དེ་ལྟར་མིན་པར་མི་རྣམས་ཀྱིས་ཤེས་རབ་འགྲན་པའི་དུས་ཚོད་ཅིག་ཡིན། དེར་བརྟེན། བུད་མེད་ལས་ཀ་བ་བསྡུ་ཐབས་བྱེད་དགོས།” ཞེས་བརྗོད་ཡོད།

གཉིས། ལས་གཉེར་ཁང་གི་འཆར་གཞི་ལྟར་སོང་།

མཱ་ཡིས་ཁྱེད་རང་ལོ་ངོ་ ༢༠ ནང་ཡོད་སྐབས་ལས་གཉེར་ཁང་ཡག་པོ་ཞིག་བཙལ་ཏེ་མགོ་ཁྲིད་མཁན་ཡག་པོ་ཞིག་གི་འོག་ཏུ་ཁོང་གི་འཆར་གཞི་ལྟར་ཚོང་གཉེར་ཕྱོགས་ལ་ཡག་པོ་སྦྱོངས་ཟེར། དེ་ནས་ལོ་ངོ་ ༣༠ ནང་དུ་རང་ཉིད་ཀྱིས་ཟུར་དུ་ཁེ་ལས་ཁང་གཉེར་ཏེ་ལས་ཀ་བྱེད་རོགས། ལོ་ ༤༠ ནང་བསླེབས་པ་དང་ཁྱོད་རང་ཉིད་ཧྲ་ཐག་ཐག་ཡོད་པ་བྱས་ཏེ། ལོ་ངོ་ ༥༠ ནང་དུ་བསླེབ་པ་དང་ཁྱེད་ཀྱི་ཆུ་ཚོད་དག་ན་གཞོན་ཚོར་གཏོང་བ་དང་ཁོ་ཚོར་གོ་སྐབས་སྤྲོད་རོགས། སྐབས་དེར་ཉིད་ཀྱིས་རང་ཉིད་ཀྱི་འཇོན་ནུས་ཚར་སོང་བ་མ་ཤེས་པར་ན་གཞོན་ཚོས་མདུན་ལམ་མ་འགོག་རོགས། དེ་ནས་འཚོ་འགྲམ་དུ་སོང་ནས་ཉི་འོད་དང་ལྷན་དུ་སྐྱིད་པོ་བྱས་ཏེ་འདུག་རོགས།

གསུམ། གཞན་གྱིས་ཁྱོད་ལ་དང་ལེན་མ་བྱས་པ་དེ་དུས་ནམ་ཡང་ངན་པ་ཞིག་ཡིན་སྲིད་པ་མ་རེད།

ང་དང་ངའི་ཨ་ཞང་གཉིས་ཀྱི་དབྱར་ནང་གི་ཚ་བ་ཆེས་ཆེ་བའི་སྐབས་ཤིག་ལ་ཆུ་ཚོད་ ༢ ནས་ ༥ བར་དུ་མགྲོན་ཁང་ཞིག་ལ་ཞབས་ཞུ་བྱེད་པར་སྙན་ཞུ་ཕུལ་ནས་སྒུག་པ་ཡིན། མཐའ་མར་བཅར་འདྲིའི་སྐབས་སུ་ངའི་ཨ་ཞང་ང་ལས་རིང་པོ་དང་རྫིག་པོ་ཡོད་སྟབས་བདམས་སོང་མོད། ང་ཁོ་ཚོས་དང་ལེན་བྱས་མ་སོང་། ངའི་ཨ་ཞང་གིས་ད་ལྟ་ད་དུང་མགྲོན་ཁང་དེར་ཞབས་ཞུའི་ལས་ཀ་བྱས་ནས་བསྡད་ཡོད། འོན་ཀྱང་ངས་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་སོང་།

བཞི། ལས་ཀ་བ་བསྡུ་སྐབས་ཁྱེད་རང་ལས་སྤྱང་གྲུང་ལྡན་པ་ལེན་དགོས།

མཱ་ཡིས་ངས་ལས་ཀ་བ་བསྡུ་སྐབས་ག་དུས་ཡིན་ཡང་རང་ཉིད་ལས་སྤྱང་གྲུང་ལྡན་པ་དག་ལེན་ཐབས་བྱེད་བཞིན་ཡོད། ངས་ལས་རོགས་ཚོར་ནམ་རྒྱུན་ལས་མི་བསྡུ་སྐབས་རྟོག་ཞིབ་བྱ་དགོས་ས་གཅིག་རང་ཡོད་པ་རེད་ཅེས་ཤོད་བཞིན་ཡོད། དེ་ནི་ལས་གཉེར་བ་ན་གཞོན་ཡིན་དགོས་པ་དང་། གལ་ཏེ་ཁོའི་སྟེང་ན་ལོ་ལྔའི་ནང་ངའི་མགོ་ཁྲིད་ཆགས་ཐུབ་པའི་ནུས་པ་ཡོད་པར་མཐོང་ན་ཁོ་ལས་མི་ལ་བསྡུ་དགོས་པར་སྐུལ་བཞིན་ཡོད། དེ་ལྟར་བྱས་ན་ད་གཟོད་ང་ཚོ་ཚང་མར་གྲུབ་འབྲས་ཀྱང་འཐོན་ཐུབ།

ལྔ། ཁྱེད་ཀྱིས་ཅི་ཞིག་ལས་མགོ་བརྩམས་ན་ཡང་ཐོག་དང་པོ་ནས་ལེགས་འགྲུབ་ཆེན་པོ་ཞིག་ཡོང་གི་རེད་མ་བསམ།

མཱ་ཡིས་ང་ཚོས་ཊཱ་བྷོ་(Taobao)དྲ་ཐོག་ཚོང་གཉེར་ཁང་ཐོག་མར་ཕྱི་ལ་བཏོན་དུས་ང་ཚོའི་ལས་ཁུངས་ཧ་ཅང་སྐྱོ་བོ་ཡིན། ང་ཚོ་ལས་ཀ་བ་ཚོ་ཕྱིར་ཁྱིམ་དུ་ལོག་སྐབས། སང་ཉིན་མི་རེ་རེས་དྲ་ཐོག་ཚོང་ཟོག་བཞི་རེ་ཡི་མིང་ཁུར་ནས་ཡོང་རྒྱུ་བྱས། ཡིན་ན་ཡང་། ང་ཚོ་མི་རེ་ཡིས་ཚོང་ཟོག་བཞི་རེ་ཡི་མིང་འཚོལ་ཐུབ་མ་སོང་། རྒྱུ་མཚན་སྐབས་དེར་ང་ཚོ་ཧ་ཅང་སྐྱོ་བོ་ཡིན། སྐབས་དེར་ང་ཚོས་ཚོང་ཟོག་ ༢༡ གི་མིང་མཉམ་རུབ་བྱསཏེ་དྲ་ཐོག་ལ་བཏོན་པ་ཡིན། ང་ཚོས་དེ་ལྟར་ཉིན་གསུམ་ལ་སྒུག་ན་ཡང་སུ་གཅིག་གིས་ཉོས་མ་སོང་། བདུན་ཕྲག་རྗེས་མ་ནས་ང་ཚོས་ཚོང་ཟོག་དག་རང་ཉིད་ཚོའི་ནང་དུ་ཚོང་གཉེར་བྱ་མགོ་བཙུགས་པ་ཡིན། བདུན་རྗེས་མ་ནས་མཛད་སྤྱོད་པ་དག་གིས་ང་ཚོའི་ཅ་ལག་དག་ཉོ་མགོ་ཚུགས་སོང་།

དྲུག ཁྱེད་ཀྱིས་རང་ཉིད་ཀྱིས་གང་བྱས་པ་དེ་ཡག་ཤོས་ཡིན་བསམ་པའི་ཡིད་ཆེས་མ་གནང་།

མཱ་ཡིས་དུས་ནམ་ཡིན་ཡང་གྲྭ་སྒྲིག་བྱས་ཏེ་སྡོད་དགོས། སྔོན་ཆད་(Netscape)དྲ་རྒྱ་དེ་ཧ་ཅང་ཡག་པོ་ཡོད་སྐབས། ང་ཚོ་སུ་གང་གིས་ཀྱང་ནམ་ཞིག་དེ་ནུབ་འགྲོ་བ་རེད་གཏན་ནས་དྲན་མེད། ཡཱ་ཧོ་དེ་ཧ་ཅང་ཡག་པོ་ཡིན་ནའང་ང་ཚོ་སུ་གང་གིས་ཀྱང་དེ་རིང་བར་འཚོ་ཐུབ་པ་རེད་བསམ་མ་མྱོང་། དེར་བརྟེན། ཁྱེད་ཀྱིས་རང་ཉིད་ཀྱིས་གང་བྱས་པ་ཚང་མ་ཡག་པོ་ཡིན་བསམ་པའི་ཡིད་ཆེས་གཏན་ནས་མ་གནང་རོགས། དུས་ནམ་ཡང་གྲ་སྒྲིག་བྱས་ཏེ་འདུག་དགོས།

བདུན། ཁྱེད་ཀྱིས་རང་ཉིད་ཀྱི་འཕྲུལ་སྣང་གི་བསམ་བློ་མངོན་འགྱུར་ཐུབ་པ་བྱ་དགོས།

མཱ་ཡིས་ཐོག་དང་པོ་རང་ཉིད་ཀྱི་སྡོད་ཁང་ནས་དྲ་ཐོག་ཚོང་གཉེར་སྐོར་རང་གི་གྲོགས་པོ་ཚོར་འགྲེལ་བཤད་གནང་སྐབས། གྲོགས་པོ་ ༢༤ ལས་ ༢༣ གྱིས་ཁོ་ལ་ལས་དོན་དེ་མི་སྲིད་པ་ཞིག་དང་། ལས་ཀ་དེ་གཡུག་དགོས་པར་བཤད་སོང་། ཡིན་ན་ཡང་གྲོགས་པོ་གཅིག་གིས་ང་ལ་གལ་ཏེ་ཁྱེད་ཀྱིས་ལས་དོན་དེ་བྱ་འདོད་ན་ཚོད་ལྟ་ཞིག་བྱོས་དང་། མི་འགྲིག་པ་བྱུང་ན་ཕྱིར་འཐེན་བྱས་ན་འགྲིག་གི་རེད་ཅེས་བརྗོད་སོང་། མི་མང་པོ་ཞིག་ལ་འཕྲུལ་སྣང་གི་བསམ་བློ་མང་པོ་ཞིག་ཡོང་གི་ཡོད་པ་རེད། འོན་ཀྱང་མི་མང་པོ་ཞིག་གིས་ཞོགས་པ་ཡར་ལངས་པ་དང་མཉམ་དུ་ཉིན་རྒྱུན་གྱི་ལས་ཀ་གཅིག་རང་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ང་ཚོས་ངེས་པར་དུ་གཞན་དང་་འདྲ་བའི་ལས་ཀ་ཞིག་བྱ་དགོས་པ་རེད།

བརྒྱད། མཱ་ཡིས་ཁེ་གཉེར་བ་ཞིག་ལ་མཚོན་ན་དེ་རིང་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་རེད་ལ། སང་ཉིན་ནི་དེ་ལས་ཀྱང་དཀའ་ཁག་ཆེ་བ་ཞིག་རེད། ཡིན་ན་ཡང་། གནང་ཉིན་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་མོད། མི་མང་ཆེ་བ་ཞིག་གནང་ཉིན་ཕྱི་དྲོ་ནས་ཤི་འགྲོ་ཡི་ཡོད་སྟབས། ཁྱེད་ཀྱིས་ངེས་པར་དུ་ལས་དོན་ལ་ཧུར་ཐག་བྱ་དགོས། ཁྱེད་ཀྱིས་རང་ཉིད་ལ་སྦྱང་བརྩོན་བྱ་དགོས། ཁྱེད་ཀྱིས་རང་ཉིད་ཀྱི་རྨི་ལམ་ལ་ཡིད་ཅེས་བྱ་དགོས།

གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༨/༠༥

Leave a Reply