ཨུ་རུ་སུའི་ནང་ཕེབས་ཐུབ་པའི་རེ་བ་ཡོད།

རྒྱ་གར་ལྡི་ལིར་ཨུ་རུ་སུའི་གསར་འགོད་པ་ཞིག་གི་དྲི་བའི་ལན་དུ་༧གོང་ས་མཆོག་གིས་རྒྱལ་ཁབ་ལ་ཤས་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་ནའང་མ་འོངས་པར་ངོས་རང་ཨུ་རུ་སུའི་ནང་པ་ཚོར་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས།

༧གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་ཟླ་གཅིག་ལྷག་རིང་གི་མཛད་འཕྲིན་གྲུབ་རྗེས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བཟོ་ཚོང་སློབ་གཉེར་ཁང་(Synergy Business School)ཞེས་པའི་འགན་འཛིན་སྐུ་ཞབས་(Grigory Avatov)ལགས་དང་། ཨུ་རུ་སུའི་གསར་འགོད་པ་(Dmitry Portnyagin)ལགས་རྣམ་གཉིས་ཀྱིས་མཇལ་འཕྲད་ཞུས་ཏེ། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་འཚོགས་འཆར་ཡོད་པའི་སློབ་གཉེར་ཁང་དེའི་བགྲོ་གླེང་སྟེང་༧གོང་ས་མཆོག་གདན་ཞུ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་གསུང་བཤད་གནང་སྐབས། ཁོང་གིས་ཞལ་རྩེ་དང་འབྲེལ་ཏེ་གསུངས་དོན། དེང་སྐབས་རྒྱལ་ཁབ་ཁ་ཤས་ཀྱིས་རང་གི་རྒྱལ་ཁབ་ནང་སུ་གདན་འདྲེན་ཞུ་མིན་དེ་རྒྱ་ནག་ལ་ཆོག་མཆན་ཞུ་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གི་མགོ་ཁྲིད་ཚོས་ངོས་རང་ཁ་བྲལ་བ་དང་གདོན་འདྲེ་རེད་རྗོད་ཀྱི་ཡོད་སྟབས་ངོས་རང་དེར་ཡོང་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་ཨུ་རུ་སུའི་ཁྱབ་ཁོངས་ཁལ་མེཀ་དང་། བྷུ་རུ་ཡ་ཐི། དེ་བཞིན་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚོ་བོད་པ་ལྟར་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་གཅིག་པ་ཡིན་སྟབས། ངོས་རང་གིས་མ་འོངས་པར་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ནང་པ་ཚོར་ཕན་ཐོགས་བསྒྲུབ་ཐུབ་པར་སྨོན་ལམ་རྒྱག་གི་ཡོད་ལ། སྨོན་ལམ་ལ་འབྲས་བུའང་སྨིན་གྱི་རེད་བསམ་གྱི་འདུག་ཅེས་སོགས་གསུངས་འདུག

བསྐྱར་བཅོས།: ༢༠༡༧/༠༨/༠༥

Leave a Reply

2 thoughts on “ཨུ་རུ་སུའི་ནང་ཕེབས་ཐུབ་པའི་རེ་བ་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རླབས་ཆེན་འགྲོ་དོན་སྐྱོང་ལ་ས་མཚམས་མེད་།
    རླབས་ཆེན་མཛད་པས་འཛམ་གླིང་ཞི་བདེ་བསྐྲུན་།
    རླབས་ཆེན་དགོང་པ་ནམ་མཁའི་མཐའ་དང་མཉམ་།
    རླབས་ཆེན་བཀའ་སློབ་འགྲོ་བའི་སྡུག་བསྔལ་སེལ་།

  2. ལྕགས་མགོན་ངག་དབང་ནོར་བུ།

    དག་ཆ་ལ་གཟབ་དགོས་འདུག སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་ཤིང་ཡིན་པས། ཡི་གི་དེ་ལ་དག་ཆ་ཡག་པོ་མེད་སོང་ན་ལུས་ཡོད་ཀྱང་ཁ་སྣ་མ་ཚང་བ་དང་གཅིག་མཚུངས་རེད། དེང་སྐབས་་བརྒྱུད་ལམ་གང་ཡིན་རུང་ཡིག་ནོར་གྱི་གད་སྙིགས་བཟོ་མཁན་མང་པོ་འདུག སེམས་ཀྱིས་བཟོད་ཐབས་རང་མི་འདུག མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ནི་རྩ་ཆེན་ནོར་བུ་རེད། ནོར་བུ་དེ་ནག་ནོག་གི་དྲི་མས་ནོགས་པ་ཞིག་ཡིན་ན། ནོར་བུ་ཡིན་རུང་ནོར་བུའི་གཟི་བརྗིད་དེ་མེད་སོང་བ་རེད། དེ་ན་ཚང་མས་ཐུགས་སྣང་ཡོད་པར་ཞུ།