ཨ་སྒོར་ས་ཡ་མང་པོའི་ཕྱུག་བདག་བོད་རིགས་བློ་བཟང་དར་རྒྱས་ལགས་སུ་བདུན་ཕྲག་སྔོན་མའི་ནང་ལོ་ ༡༠ ཁྲིམས་ཐག་གཅོད་རྩིས་བྱས་ཀྱང་དར་རྒྱས་ལགས་དང་ཨ་རིའི་གཞུང་གི་ཁྲིམས་རྩོད་པའི་བར་ལྟ་ཚུལ་མ་མཐུན་སྟབས་འདང་ནུབ་བསྐྱར་དུ་ཁྲིམས་བཤེར་བྱས་ཏེ་ལོ་ ༤ ཡི་ཁྲིམས་ཐག་བཅད་ཡོད་འདུག
ཁ་སང་ཨ་རིའི་གྲོང་ཁྱེར་ཚོང་འབྲེལ་གསར་ཁང་(ACBJ)གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཨ་རིའི་ནང་ས་ཁང་འཛུགས་སྐྲུན་བྱེད་མཁན་ཕྱུག་བདག་བོད་རིགས་བློ་བཟང་དར་རྒྱས་ལགས་ཀྱིས་ས་ཁང་འཛུགས་སྐྲུན་ཁྲོད་མི་གཞན་གྱི་ལག་ནས་དངུལ་འབོར་ཆེན་གཡོ་ལེན་བྱས་པ་དང་། ཁྲིམས་འགལ་ཐོག་དངུལ་འབོར་ཆེན་ཉར་བ་བཅས་ཀྱི་ཉེས་མིང་འོག བདུན་ཕྲག་སྔོན་མའི་རེ་གཟའ་པ་སངས་ཉིན་ཁོང་ལ་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་རྩིས་བྱས་ཡོད། སྐབས་དེར་ཁྲིམས་ཁང་དུ་ཨ་རིའི་གཞུང་གི་ཁྲིམས་རྩོད་པ་དང་བློ་བཟང་དར་རྒྱས་ཀྱི་ཁྲིམས་རྩོད་པའི་བར་ལྟ་ཚུལ་མི་མཐུན་པ་མང་པོ་བྱུང་སྟེ། ཁྲིམས་ཁང་དེའི་ཁྲིམས་དཔོན་རོ་བྷར་ཊི་(Robert Lasnik)ལགས་ཀྱིས། གལ་སྲིད་བློ་བཟང་དར་རྒྱས་ཀྱི་ཁྲིམས་རྩོད་པར་རྒྱུ་མཚན་ཡང་དག་མཁོ་སྤྲོད་བྱེད་རྒྱུ་ཡོད་ཚེ། བློ་བཟང་དར་རྒྱས་ཀྱིས་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཝ་ཤིན་ཊོན་མངའ་སྡེ་ཁྲིམས་ཁང་ལ་ནག་ཉེས་ཁས་ལེན་བྱས་གནང་བ་ལྟར་ཁོ་བོར་ལོ་ ༡ དང་ཉིན་གཅིག་གི་བཙོན་འཇུག་ཁྲིམས་ཆད་འབབ་པ་དང་། གལ་སྲིད་དེ་ལྟར་མེད་ཚེ་མང་ན་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག དེ་རིང་ཞོགས་པར་བསྐྱར་དུ་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བློ་བཟང་དར་རྒྱས་ལགས་སུ་བསྐྱར་དུ་ཁྲིམས་བཤེར་བྱས་མཐར་ལོ་ ༤ བཙན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསལ་བསྒྲགས་བྱས་ཡོད་འདུག
བདུན་ཕྲག་སྔོན་མའི་ཁྲིམས་བཤེར་སྐབས། ཨ་རིའི་གཞུང་གི་ཁྲིམས་རྩོད་པས་བློ་བཟང་དར་རྒྱས་ཀྱིས་འདོད་རྔམ་བཅངས་ཏེ་ཕྱི་མི་གནས་སྤོ་བ་དང་གཞན་མ་འཇོག་བྱེད་མཁན་མང་པོ་ཞིག་གི་ལག་ནས་ཨ་སྒོར་ས་ཡ་ ༢༣༥ ལྷག་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་ཀྱང་། དར་རྒྱས་ཀྱི་ཁྲིམས་རྩོད་པས་ཁྲིམས་དཔོན་རོ་བྷར་ཊི་ལགས་ཀྱིས་དར་རྒྱས་ཀྱི་བྱམས་བརྩེ་རང་བཞིན་ལྡན་པའི་ཡ་རབས་བཟང་སྤྱོད་དང་མགོ་སྙོག་རང་བཞིན་ཅན་གྱི་རྒྱབ་ལྗོངས་སོགས་ལ་བསམ་གཞིགས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
སྐབས་དེར་དར་རྒྱས་ལགས་ཀྱི་ཁྲིམས་རྩོད་པས་ཁྲིམས་དཔོན་ལ་རེ་སྐུལ་ཞུས་དོན། དར་རྒྱས་ནི་དེ་སྔོན་བོད་ཀྱི་དབུལ་ཕོངས་ས་ཁུལ་ཞིག་ནས་འཚར་ལོངས་བྱུང་ཞིང་། ཕྱིའི་སུ་ཧི་མ་ལ་ཡ་བརྒལ་ཏེ་རྒྱ་ནག་གི་གཉའ་གནོད་ལས་བྲོས་བྱོལ་བྱས་ཡོད་པ་སོགས་ལ་བསམ་ཞིབ་བྱེད་དགོས་སྐོར་དང་། དར་རྒྱས་ཡིག་རྨོངས་བ་ཡིན་པའི་མི་ཚད་ཀླད་པར་ཡང་ནད་སྐྱོན་ཡོད་པའི་གནས་སྟངས་སོགས་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཞུས་ཡོད་སྟབས། སྐབས་དེར་བློ་བཟང་དར་རྒྱས་ལ་ཁྲིམས་ཐག་བཅད་མེད་པ་རེད།
ཁ་སང་གི་བྷི་བྷི་སིའི་གསར་གནས་ནང་འཁོད་པ་ལྟར་ན། ལོ་ངོ་ ༢༠ ཡར་སྔོན་དུ་བློ་བཟང་དར་རྒྱས་དང་ཨ་རིའི་སི་ཊལ་(Seattle)གྲོང་ཁྱེར་ནང་ཡོད་པའི་ཁོ་རང་གི་བོད་རིགས་གྲོགས་པོ་འགས་སི་ཊལ་དུ་ཁང་པ་ཞིག་ཉོས་ཏེ་བཟོ་བཅོས་ལེགས་འགྲུབ་བྱུང་རྗེས་བསྐྱར་དུ་བཙོང་ཡོད་པ་དང་། དེའི་རྗེས་དར་རྒྱས་ཀྱིས་ ‘ཨ་རིའི་ལམ’ཞེས་བའི་ས་ཁང་འཛུགས་སྐྲུན་ཁེ་ལས་ཁང་ཞིག་བཙུགས་ཏེ་ཨ་རིའི་ནང་ས་ཁང་ཚོང་སྒྱུར་གྱི་ལས་རིགས་མང་པོ་གཉེར་ཡོད་པའི་ཁྲོད། ཨ་རིའི་གྲོང་ཁྱེར་ཨ་ཝར་རེ་ཊི་(Everett)དང་སི་ཊལ་ནང་ས་ཁང་འཛུགས་སྐྲུན་བྱས་པ་དེས་ཁེ་སྤོགས་མང་པོ་བླངས་ཡོད་པ་མ་ཟད། ཨ་རིའི་ལམ་ཁེ་ལས་ཁང་གིས་ཨ་རིའི་གནས་སྤོ་མ་དངུལ་འཛུགས་སྐྲུན་ལས་རིམ་(Govt’s EB-5 Immigrant Investor Program)ནང་དུའང་མ་འཇོག་བྱས་ཡོད་འདུག
དར་རྒྱས་ཀྱིས་གནས་སྤོ་མ་དངུལ་འཛུགས་སྐྲུན་བརྒྱུད་དེ་མི་ ༢༨༠ ཙམ་གྱི་ལག་ནས་ཨ་སྒོར་ ༥༠༠༠༠༠ རེ་བསྡུས་ཏེ། ཁོ་རང་གི་ཨ་རིའི་ལམ་ཁེ་ལས་ཁང་དུ་མ་རྐང་བཞག་ཡོད་པ་དང་། མ་འཇོག་བྱེད་མཁན་གྱི་མི་དེ་ཚོ་ཕྱི་མི་ཡིན་པ་མ་ཟད་མང་ཆེ་བ་རྒྱ་རིགས་ཡིན་སྟབས། ཁོ་རང་གི་ཁེ་ལས་ཁང་བརྒྱུད་དེ་མི་དེ་དག་ལ་ཨ་རིའི་ནང་གནས་སྤོ་མ་དངུལ་འཇོག་དགོས་པ་དང་། མ་འཇོག་བྱེད་མཁན་ཚོར་གང་མགྱོགས་ཨ་རིར་གཏན་སྡོད་ཆོག་པའི་ཨ་རིའི་ལག་དེབ་ལྗང་ཁུ་མཁོ་སྤྲོད་བྱེད་ཐུབ་ཚུལ་སོགས་བརྗོད་ཡོད་ཀྱང་ད་ལྟ་ཁོ་ཚོར་ལག་དེབ་ལྗང་ཁུ་རག་ཐུབ་པའི་རྨི་ལམ་དེ་ཉེན་ཁའི་ནང་ལྷུང་ཡོད།
ལོ་ངོ་ ༢ ཀྱི་གོང་དུ་ཨ་རིའི་མ་དངུལ་འཛུགས་སྐྲུན་འགན་སྲུང་ཚོགས་ཆུང་གིས་བློ་བཟང་དར་རྒྱས་ཀྱི་ཁེ་ལས་ནང་ཞིབ་བཤེར་བྱས་སྐབས། དར་རྒྱས་ཀྱིས་མི་གཞན་གྱིས་མ་འཇོག་བྱས་བའི་མ་དངུལ་བེད་སྤྱོད་བཏང་སྟེ་རང་གི་བཟའ་ཟླར་རྒྱས་སྤྲོས་ཆེ་བའི་ཁང་པ་ཞིག་ཉོས་ཡོད་པ་མ་ཟད། ད་དུང་མ་འཇོག་བྱེད་མཁན་ཚོར་གནས་སྤོའི་མ་དངུལ་འཛུགས་སྐྲུན་ལས་གཞན་པའི་འཛུགས་སྐྲུན་ལས་གཞི་ཁག་གི་ནང་མ་དངུལ་འཇོག་ཏུ་བཅུག་ཅིང་། དངུལ་དེ་དག་རྒྱན་འཇོག་ཁང་སོགས་བརྒྱུད་དེ་གཏོང་ལེན་བྱེད་བཞིན་ཡོད་པ་སོགས་ལ་བརྟེན་ཏེ། ཨ་རིའི་མ་དངུལ་འཛུགས་སྐྲུན་འགན་སྲུང་ཚོགས་ཆུང་དང་བློ་བཟང་དར་རྒྱས་བར་གནད་དོན་མང་པོའི་ཐོག་ཁྲིམས་གཏུག་ཐེངས་མང་བྱུང་ཡོད་འདུག
ཨ་རིའི་གཞུང་གི་ཁྲིམས་རྩོད་པ་གཞོན་པ་ཇཱ་སི་ཊིན་(Justin Arnold)དང་ཝེལ་ཁུ་སོན་(Seth Wilkinson)གཉིས་ཀྱིས་བདུན་ཕྲག་སྔོན་མའི་རེ་གཟའ་པ་སངས་ཉིན་བློ་བཟང་དར་རྒྱས་ལ་ཁྲིམས་བཤེར་སྐབས། བློ་བཟང་དར་རྒྱས་ཀྱིས་མི་གཞན་གྱི་ལག་ནས་དངུལ་འབོར་ཆེན་གཡོ་ལེན་བྱས་བ་དང་། ཁྲིམས་མཐུན་མིན་པའི་མ་དངུལ་འབོར་ཆེན་ལག་ཏུ་གསང་ཉར་བྱས་ཡོད་པ་སོགས་ནི་བློ་ཡུལ་ལས་འདས་བ་ཞིག་ཆགས་ཡོད་ཅེས་བསྒྲགས་ཡོད་འདུག ད་དུང་ཁྲིམས་རྩོད་པ་དེ་གཉིས་ཀྱིས་ཨ་རིའི་ཁྲིམས་ཁང་ལ་བློ་བཟང་དར་རྒྱས་ཀྱིས་ཨ་རིའི་གཞུང་གི་གནས་སྤོ་མ་འཇོག་སྲིད་ཇུས་ལ་བོར་རྡོག་རོལ་བཏང་སྟབས། དར་རྒྱས་ལ་ཁྲིམས་ཆད་ནན་མོ་བཏང་སྟེ་མ་འོངས་པར་གནས་ཚུལ་དེ་རིགས་མི་འབྱུང་ཐབས་བྱེད་དགོས་ཞེས་རེ་སྐུལ་ཞུས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།