༡༩༥༩ ལོར་མའོ་ཙེ་ཏུང་དང་ཀཱུ་རུ་ཤ་ཤིཕ་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་རྩོད་པ་བརྒྱབ།

ནཱི་ཀི་ཏ་ཀཱུ་རུ་ཤིཕ་ཡིས། “ངས་མགྲོན་པོ་ཞིག་གིས་བརྗོད་མ་ཆོག་པའི་སྐད་ཆ་ཞིག་བཤད་ཀྱི་ཡིན། བོད་ནང་དུ་བྱ་སྤྱོད་སྤེལ་བ་དེ་དག་ནི་ཁྱོད་ཀྱི་(མའོ་ཙེ་ཏུང་)ནོར་འཁྲུལ་རེད།”ཅེས་བརྗོད་ཡོད་འདུག

༡༩༥༨ ལོའི་ཟླ་ ༨ པར་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་དང་སཱོ་ཝེཏ་མགོ་ཁྲིད་ནཱི་ཀི་ཏ་ཀཱུ་རུ་ཤིཕ་གཉིས།

ཁ་སང་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་སྤེལ་བ་ལྟར་ན། སཱོ་ཝེཏ་ལྷན་ཚོགས་ཀྱི་(Soviet)མགོ་ཁྲིད་ནཱི་ཀི་ཏ་ཀཱུ་རུ་ཤིཕ་(Nikita Khrushchev)ལགས་ཀྱིས་ ༡༩༥༩ ལོའི་ཟླ་ ༩ པའི་མཇུག་ཏུ་རྒྱ་ནག་གི་མགོ་ཁྲིད་ཚོར་ཐུག་འཕྲད་ཚོགས་འདུའི་ཆེད་རྒྱ་ནག་ཏུ་བསྐྱོད་ཡོད་པ་དང་། སྐབས་དེར་རྒྱ་ནག་དམག་དཔུང་གིས་རྒྱ་དཀར་ནག་ས་མཚམས་སུ་མེ་མདའ་བཞུས་ཏེ་རྒྱ་གར་མཐའ་སྲུང་དམག་ཁ་ཤས་བསད་དེ་ཟླ་བ་གཅིག་ཙམ་ལས་ཕྱིན་མེད།

རྒྱ་དམག་གིས་རྩོད་རྙོག་ཅན་གྱི་ས་མཚམས་དེར་རྒྱ་གར་མཐའ་སྲུང་དམག་མི་གསོད་སྐབས། མགོ་ཁྲིད་ཀཱུ་རུ་ཤིཕ་ཡིས་ཨ་རིར་ཕྱོགས་སྐྱོད་བྱས་ཏེ་ཞི་བདེ་དང་འཆམ་མཐུན་ཡོང་བའི་གྲོས་མོལ་ཞིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དང་ཁེལ་ཡོད་སྟབས། ཁོང་གིས་ཨུ་རུ་སུའི་གསར་འགྱུར་ནང་། རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་གནད་དོན་ཐད་ཞི་བའི་གྲོས་མོལ་བྱེད་དགོས་ཞེས་བརྗོད་ཡོད་པར། རྒྱ་ནག་གིས་ཁོའི་སྐད་ཆ་བཤད་སྟངས་དེ་ནོར་འཁྲུལ་དུ་མཐོང་བ་མ་ཟད། སཱོ་ཝེཏ་ངོས་ནས་དམར་ཤོག་ཚོགས་པར་རྒྱབ་སྐྱོར་མི་བྱེད་པར། དེ་སྔའི་མཐུན་ལམ་ལ་གཏོར་བཤིག་གཏོང་གི་ཡོད་ལུགས་བཤད་ཡོད།

མགོ་ཁྲིད་ཀཱུ་རུ་ཤིཕ་རྒྱ་ནག་ཏུ་སྐྱོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ཟླ་བ་གཅིག་ཙམ་སོང་ཡོད་འདུག མགོ་ཁྲིད་ཀཱུ་རུ་ཤིཕ་ཡིས་མཉམ་ཞུགས་བྱེད་སའི་ཚོགས་འདུ་དེར་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་དང་། སྐུ་ཞབས་མེག་ཧ་ཨེལ་སཱུ་སཱོ་ལོཕ།(Mikhail Suslov) ཨན་ཌི་རུ་གཱོ་རོ་མི་ཀོ།(Andrei Gromyko) ལོའུ་ཧྲོ་ཆི།(Liu Shaoqi)ཀྲུའུ་ཨིན་ལེ།(Zhou Enlai) ལིན་པའོ།(Lin Biao)ཕུང་ཀྲིན།(Peng Zhen)ཁྲིན་ཡས།(Chen Yi)ཝན་ཞྭ་ཧྲང་(Wan Xia Sang)སོགས་ཡོད་འདུག

ཚོགས་འདུ་དེའི་སྟེང་མགོ་ཁྲིད་དག་གིས་རྩོད་པ་བྱས་པའི་གནད་དོན་ཞིག་ཡིག་ཐོག་ཏུ་ཕབ་པ་གཤམ་དུ་བཀོད་ཡོད། རྩོད་གླེང་དེའི་ནང་དོན་གཙོ་བོ་རྒྱ་གར་སྐོར་ཡིན་ཡང་། རྩོད་གླེང་དེ་ལ་བརྟེན་ཏེ་རྒྱ་ནག་དང་སཱོ་ཝེཏ་གཉིས་བར་འགལ་ཟླ་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ་པ་མ་ཟད། རྩོད་གླེང་གི་རྣམ་པར་བརྟག་དཔྱད་ཡག་པོ་བཏང་ན་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་ཀྱང་སྐབས་དེ་ནས་མགོ་བརྩམས་ཟིན་པ་ཤེས་ཐུབ། མི་ཚང་མས་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་ནི་ས་མཚམས་རྩོད་རྙོག་ལས་བྱུང་བ་ལྟ་བུར་མཐོང་གི་ཡོད་ཀྱང་། དེ་ལ་ནམ་རྒྱུན་གྱི་ལྟ་སྟངས་ལས་ཀྱང་གནད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡོད་པ་ཚོར་ཐུབ།

༡༩༥༥ ལོར་མའོ་ཙེ་ཏུང་དང་ནཱི་ཀི་ཏ་ཀཱུ་རུ་ཤིཕ་གཉིས་ཐུག་འཕྲད་བྱས་པ།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་(མའོ་ཙེ་ཏུང་)དང་རྒྱ་གར་བར་ལ་ལོ་མང་པོའི་གོང་ནས་འབྲེལ་ལམ་ཡག་པོ་ཡོད་པ་རེད། འོན་ཀྱང་། གློ་བུར་བའི་མི་གསོད་ཁྲག་སྦྱོར་དོན་རྐྱེན་དེས་ནཱེ་རུའི་ (Nehru) (སྐབས་དེའི་རྒྱ་གར་སྲིད་བློན།)ཆབ་སྲིད་ཀྱི་གནས་སྟངས་ལ་དོ་ཕོག་ཡོང་སྲིད། གལ་སྲིད་ཁྱོད་ཀྱིས་ང་ལ་སྐད་ཆ་བཤད་ཆོག་པའི་ཆོག་མཆན་ཡོད་ན། ངས་མགྲོན་པོ་ཞིག་གིས་བཤད་མ་ཆོག་པའི་སྐད་ཆ་ཞིག་བཤད་ཀྱི་ཡིན། བོད་ནང་དུ་བྱ་སྤྱོད་སྤེལ་བ་དེ་དག་ནི་ཁྱོད་ཀྱི་ནོར་འཁྲུལ་རེད། ཁྱོད་ཀྱིས་བོད་ལ་དབང་སྒྱུར་བྱས་སོང་། སྤྱིར་བཏང་བྱས་ན་བོད་ལ་དབང་སྒྱུར་མ་བྱས་པར་ཁྱོད་ཀྱི་སྐུ་ཚབ་དང་ལས་དོན་བྱ་ཡུལ་ཞིག་བོད་ནང་དུ་བཙུགས་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་དང་ཁོང་ལ་འཆར་གཞི་གང་ཡོད་པ་ཤེས་རྟོགས་བྱེད་ཆོག་པ་རེད།

མའོ་ཙེ་ཏུང་། ནཱེ་རུ་ཡིས་ཀྱང་ང་ལ་བོད་དུ་དབང་སྒྱུར་བྱས་པ་དེ་ནོར་འཁྲུལ་རེད་ཅེས་བཤད་སོང་། དེ་མ་ཟད། སཱོ་ཝེཏ་ལྷན་ཚོགས་ཀྱིས་ཨུ་རུ་སུའི་གསར་ལམ་ཁག་ཏུ་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དེ་གླེང་སློང་བྱས་སོང་། ཁྱོད་ཚོས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་འདོད་པ་ཡིན་ནམ།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་ཀྱིས་ཟེར་ན། ང་ཚོས་རྒྱ་དཀར་ནག་བར་ལྷག་པའི་གནད་དོན་དེ་འགྲིག་འདུག་ལབ་སྟེ་རྒྱབ་སྐྱོར་བྱེད་དགོས་ཟེར་གྱི་ཡོད་དམ། དེ་འདྲ་བྱས་ན། ང་ཚོས་རང་གི་གླེན་རྟགས་ཐེར་འདོན་བྱས་པ་མ་རེད་དམ། ང་ཚོས་གནད་དོན་དེ་གསར་ལམ་ཁག་ཏུ་བརྗོད་རྒྱུ་གལ་ཆེན་པོར་མཐོང་སོང་། དེར་བརྟེན། དེ་འདྲ་བྱས་པ་ཡིན།

མའོ་ཙེ་ཏུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་བྲོས་བྱོལ་དུ་ཕེབས་པ་ནི་ང་ཚོའི་ནོར་འཁྲུལ་ཡིན་སྲིད། འོན་ཀྱང་སྐབས་དེར་ང་ཚོ་བོད་མི་མང་ཚོགས་དང་འབྲེལ་ལམ་དེ་ཙམ་ཡོད་པ་མ་རེད།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་ཚོར་ད་དུང་ཡང་བོད་རིགས་མང་ཚོགས་ལ་འབྲེལ་བ་ཡོད་པ་མ་རེད།

མའོ་ཙེ་ཏུང་། ང་ཚོར་གནད་དོན་དེའི་ཐད་ལ་བསམ་བློ་གཏོང་ཕྱོགས་མ་འདྲ་བ་ཡོད།

….

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་ལོགས་སུ་ཕེབས་བཅུག་པ་ནི་ནོར་འཁྲུལ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཕེབས་དགོས་པའི་གནས་སྟངས་དེ་ཁྱོད་རང་ཚོས་བཟོས་པ་རེད། དེར་ནཱེ་རུ་ལ་ཐབས་ཤེས་ཡོད་པ་མ་རེད། བོད་ནང་དུ་བྱ་སྤྱོད་སྤེལ་བ་དེ་དག་ནི། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ནོར་འཁྲུལ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་ལས་ནཱེ་རུའི་ནོར་འཁྲུལ་ཞིག་ཏུ་མཐོང་གི་མེད།

མའོ་ཙེ་ཏུང་། མ་རེད། འདི་ནི་ནཱེ་རུའི་ནོར་འཁྲུལ་རེད།

གཡོན་ནས་ ༡༩༦༢ ལོར་པིན་ཅིང་དུ། ཀྲུའུ་ཨིན་ལེ། ཁྲིན་ཡུན། ལོའུ་ཧྲོ་ཆི། མའོ་ཙེ་ཏུང་། ཏིང་ཤོ་པིང་། ཕུང་ཀྲིན།

མའོ་ཙེ་ཏུང་། ང་ཚོས་ཀྱང་ནཱེ་རུ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་། བོད་ཀྱི་གནད་དོན་ཐད། རང་བཞིན་གྱིས་ང་ཚོས་ནཱེ་རུ་ལ་གནོན་ཤུགས་སྤྲོད་དགོས་པ་ཞིག་ཆགས་ཡོད།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཅིའི་ཕྱིར་ཁྱོད་རང་ཚོས་རྒྱ་གར་མཐའ་མཚམས་དམག་མི་གསོད་དགོས་བྱུང་བ་རེད།

མའོ་ཙེ་ཏུང་། ཁོ་ཚོ་ས་མཚམས་བརྒལ་བ་མ་ཟད། ཐེངས་དང་པོར་ང་ཚོར་ཚུར་མེ་མདའ་བརྒྱབས་པ་རེད། དུས་ཚོད་ ༡༢ རིང་མུ་མཐུད་དེ་མེ་མདའ་བརྒྱབ་པ་རེད།

ཀྲུའུ། ཁྱོད་ཀྱིས་ང་ཚོས་བཤད་པའི་སྐད་ཆ་དང་རྒྱ་གར་གྱིས་བཤད་པའི་སྐད་ཆ་གཉིས་ལས་གང་ལ་ཡིད་ཆེས་མང་བ་བྱེད་ཀྱི་ཡོད་དམ།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། རྒྱ་གར་གྱིས་མེ་མདའ་དང་པོ་རྒྱག་མགོ་བརྩམས་པ་ཡིན་ཡང་། རྒྱ་མི་གཅིག་ཀྱང་མ་ཤི་བར་རྒྱ་གར་བ་གཅིག་པུ་ཤི་དགོས་དོན་གང་ཡིན་ནམ།

ཀྲུའུ། ཁོང་ཚོས་(རྒྱ་གར་དམག་)ཐེངས་དང་པོར་མེ་མདའ་བརྒྱབ་ནས་ཚུར་ཡོང་ཡོད་སྟབས་ང་ཚོར་བྱེད་ཐབས་གཞན་གང་ཡང་མེད་པ་ཆགས་པ་རེད། གནམ་ལ་མེ་མདའ་བརྒྱབ་ན་ནི་མ་འགྲིག མ་གཞི་ནས་སྐབས་དེར་རྒྱ་གར་བ་ཚོས་མེག་མོ་ཧན་གྱི་(McMahon line)ས་ཐིགས་ཀྱང་བརྒལ་ཚར་ཡོད་པ་རེད།

….

ཁྲིན་ཡས། ང་རང་ཁོང་ཁྲོ་ཆེན་པོ་ལང་གི་འདུག ཁྱོད་ཀྱིས་(ཀཱུ་རུ་ཤིཕ་)བཤད་སྟངས་ལྟར་ན། ཁྱོད་ཚོ་དང་རྒྱ་གར་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དེ་ང་ཚོས་ནོར་འཁྲུལ་བྱས་པའི་རྐྱེན་གྱིས་བྱུང་བ་རེད་ཟེར་འདོད་ཡོད་དམ།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ང་རང་ཡང་ཁོང་ཁྲོ་ཆེན་པོ་ལང་གི་འདུག ཁྱོད་ཀྱིས་བྱས་ན། ང་ཚོ་འདིར་དུས་ཚོད་འཕྲོ་བརླག་ཏུ་གཏོང་བར་བསླེབས་པ་འདྲ་བོ་མཐོང་གི་འདུག་གམ། ང་ཚོས་(རྒྱ་ནག་དང་སཱོ་ཝེཏ་ལྷན་ཚོགས།)ནཱེ་རུ་ལ་ཆབ་སྲིད་དབང་ཆ་ལས་མ་ཟེག་རྒྱུའི་རྒྱབ་སྐྱོར་བྱེད་དགོས།

མའོ་ཙེ་ཏུང་། བོད་ཀྱི་གནད་དོན་དང་ས་མཚམས་ཀྱི་རྩོད་རྙོག་དེ་དག་ནི་གནས་སྐབས་ཀྱི་ཡར་རྒྱས་ཤིག་རེད།

….

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་ཚོས་གང་བྱུང་སྐྱོན་འཛུགས་བྱས་པ་དེ་དག་ལ་དགོངས་སེལ་ཞུ་དགོས། དེ་མིན། ང་ཚོ་ཚོགས་པ་(དམར་ཤོག་)ནང་འཁུལ་གྱི་འབྲེལ་ལམ་ལ་དོ་ཕོག་ཡོང་གི་རེད། ང་ཚོ་ནི་ཁྱོད་ཚོའི་གྲོགས་པོ་རེད། དེར་བརྟེན། ཁྱོད་ཚོར་གང་བཤད་ཀྱང་དྲང་པོར་བཤད་ཀྱི་ཡོད། ང་ཚོས་སུ་དང་ཐུག་འཕྲད་བྱས་ཀྱང་དུས་ཚོད་འཕྲོ་བརླག་ཏུ་གཏོང་ཐབས་ནམ་ཡང་བྱེད་ཀྱི་མེད།

ཁྲིན་ཡས། ཁྱོད་ཀྱིས་ང་ཚོའི་སྒོ་ཁར་ཡོང་ནས་ང་ཚོར་སྐྱོན་བརྗོད་གཉིས་བྱས་སོང་། ཁྱོད་ཚོ་དང་རྒྱ་གར་བར་འབྲེལ་ལམ་ཇེ་སྡུག་ཏུ་སོང་བ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ལ་བྲོས་བྱོལ་བྱས་པ་དེ་ང་ཚོའི་ནོར་འཁྲུལ་རེད་ལབ་སོང་། ངའི་བསམ་པར་ཁྱོད་ཀྱིས་ད་དུང་ཡང་དུས་ཚོད་འཕྲོ་བརླག་ཏུ་གཏོང་གི་འདུག

ནཱི་ཀི་ཏ་ཀཱུ་རུ་ཤིཕ། གལ་སྲིད་ཁྱོད་ཀྱིས་ང་ཚོ་དུས་ཚོད་འཕྲོ་བརླག་ཏུ་གཏོང་མཁན་ཞིག་ཏུ་མཐོང་གི་ཡོད་ན། བློ་མཐུན་གྲོགས་པོ་ཁྲིན་ཡས་ཁྱོད་ཀྱིས་ང་ལ་ལག་པ་མ་གཏོང་རོགས། ངས་ངོས་ལེན་བྱེད་ཐབས་མི་འདུག

ཁྲིན་ཡས། ང་ཡང་ཁྱོད་ལ་ལག་པ་གཏང་འདོད་མེད། ང་ཁྱོད་ཀྱི་ཁོང་ཁྲོ་ལ་ཞེད་དགོས་དོན་མེད།

ནཱི་ཀི་ཏ་ཀཱུ་རུ་ཤིཕ། ཁྱོད་རང་གནམ་དམག་གི་སྤྱི་ཁྱབ་ཅིག་གིས་གནམ་མཐོན་པོ་ནས་ཐུ་ལུད་འདེབ་ཐུབ་ཀྱི་མ་རེད། དེ་འདྲའི་གནམ་མཐོན་པོ་ནས་ཐུ་ལུད་འདེབ་པར་ཐུ་ལུད་མང་པོ་དགོས་ཀྱི་ཡོད། ཁྱོད་ལ་འདང་ངེས་ཀྱི་ཐུ་ལུད་ཡོད་པ་མ་རེད། ཁྱོད་ཀྱིས་ང་ཚོར་འཇིགས་སྣང་སྐུལ་ཐུབ་ཀྱི་མ་རེད།

བསྐྱར་བཅོས།: ༢༠༡༧/༠༨/༠༦

Leave a Reply

2 thoughts on “༡༩༥༩ ལོར་མའོ་ཙེ་ཏུང་དང་ཀཱུ་རུ་ཤ་ཤིཕ་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་རྩོད་པ་བརྒྱབ།

  1. གཞུང་པ་ཚེ་དབང་བསོད་ནམས་

    འདས་པ་རྗེས་འདེད་བྱེད་པ་རྒན་ཁོག་བློ་།
    མ་འོངས་མདུན་བསུ་བྱེད་པ་བྱིས་པའི་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།

    ཆབ་སྲིད་མི་སྣས་ཆབ་སྲིད་ཟློས་གར་ཁྲབ་།
    ཞི་བའི་མི་མང་རང་གི་འཚོ་དམིགས་རླག་།
    ཆབ་སྲིད་མི་སྣས་བདུག་སྦྲུལ་ལྕེ་གཉིས་རྐྱང་།
    ཞི་བའི་མི་མང་རང་གི་འགྲོ་སྡོད་ཤོར་།

    འཛམ་གླིང་ཕུང་མཁན་ཆབ་སྲིད་མི་སྣ་ལ་།
    ཕྱོགས་གཏོགས་ཤོག་བསྒྲིལ་རང་ལྟ་ཕྱོགས་ལྷུང་འོག་།
    མི་བསྟོད་དགུ་བསྟོད་གནམ་ལ་ཀྱག་གྲགས་ནས་།
    དོན་དངོས་བྱས་རྗེས་ལོ་རྒྱུས་བརྒྱུད་ནས་གྲགས་།