ཁེ་ན་ཌ་ཇི་ལྟར་ཤེས་ཡོན་ཡང་རྩེར་སོན།

འཛམ་གླིང་གི་རྒྱལ་ཁབ་གང་ཞིག་གི་ཤེས་ཡོན་ལམ་ལུགས་རྩེ་གྲས་ཡིན་མིན་གྱི་སྐད་ཆ་བཤད་སྐབས། སྔོན་ཆད་ཡིན་ན་ཨེ་ཤ་ཡའི་རྒྱལ་ཁབ་སེངྒ་པུར་དང་ལྷོ་ཀོ་རི་ཡ། ཡུ་རོབ་ཀྱི་ནོ་དྷེག་དང་ཧྥི་ལན་ཌི། ནོར་ཝེ་སོགས་ཀྱི་མིང་ཡང་ཡང་སླེབ་ཀྱི་ཡོད།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌ་ལ་ལྟ་སྟངས་ཆུང་དྲགས་པ་མ་གཏོགས་ཁེ་ན་ཌའི་ཤེས་ཡོན་གྲུབ་འབྲས་འཛམ་གླིང་གི་ཡང་རྩེར་སོན་གྱི་ཡོད། ཉེ་སྔོན་རྒྱལ་སྤྱིའི་སློབ་མའི་ཤེས་ཡོན་ཚན་པ་(Pisa)ཞེས་པས་རྟོག་ཞིབ་བྱས་པ་ལྟར་ན། ཁེ་ན་ཌའི་ཤེས་ཡོན་གྲུབ་འབྲས་ནི་རྒྱལ་སྤྱིའི་ཤེས་ཡོན་ཡོང་རྩེ་བཅུའི་གྲས་སུ་ཚུད་ཡོད་པ་དང་། ལྷག་པར་དུ་ཨང་རྩིས་དང་ཚན་རིག་དཔེ་ཀློག་སོགས་ཀྱི་ཐོག་ཨང་གསུམ་པར་བསླེབས་ཡོད།

རྟོག་ཞིབ་དེ་ནི་དཔལ་འབྱོར་ཡར་རྒྱས་མཉམ་འབྲེལ་ལྷན་ཚོགས་(OECD)ཞེས་པའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ནང་བྱས་ཡོད་པ་དང་། ཤེས་ཡོན་ཞིབ་འཇུག་པ་མང་ཆེ་བས་ཁེ་ན་ཌའི་ན་གཞོན་ཚོའི་ཤེས་ཡོན་གནས་ཚད་འཛམ་གླིང་གི་ན་གཞོན་ཤེས་ཡོན་པའི་ཁྲོད་ཀྱི་གནས་ཚད་ཡག་ཤོས་ཡིན་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད།

ཁོ་ཚོ་ས་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་སོགས་ལས་ཤེས་ཡོན་ཡར་རྒྱས་དང་མདུན་སྐྱོད་ཆེན་པོ་ཕྱིན་ཡོད་ཅིང་། ཁོ་ཚོའི་རིག་གཞུང་དེ་དབྱིན་ཇི་དང་ཧྥ་རན་སི་ལ་འབྲེལ་བ་གཏིང་ཟབ་ཡོད་པ་རེད། རྒྱལ་སྤྱི་རང་བཞིན་གྱི་ཐོག་ནས་ཁེ་ན་ཌའི་ན་གཞོན་ཚོས་འཛམ་གླིང་གི་ན་གཞོན་ལས་གཉེར་བའི་ཆ་སྙོམ་ཚད་གཞི་མཐོ་ཤོས་དང་ཤེས་ཡོན་གནས་ཚད་སོན་པ་བརྒྱ་ཆ་ ༥༥ དང་། དཔལ་འབྱོར་ཡར་རྒྱས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་བསྡུར་ན་ཆ་སྙོམ་བརྒྱ་ཆ་ ༣༥ བསླེབས་ཡོད་པ་རེད།

སྐྱབས་བཅོལ་གནས་སྤོ་བའི་སློབ་མ།

ཁེ་ན་ཌའི་ཤེས་ཡོན་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་ནམ་རྒྱུན་དང་མི་འདྲ་བར་ཁ་ཕྱོགས་གཞན་ཞིག་ཆགས་ཡོད། ནམ་རྒྱུན་ལྟར་བྱས་ན། ཤེས་ཡོན་གྱི་གྲུབ་འབྲས་ཡང་རྩེར་སོན་པ་དག་ནི་མི་རིགས་བསྲེས་ལྷད་མ་བྱུང་བའི་སྤྱི་ཚོགས་སེངྒ་པུར་ལྟ་བུ་ཆགས་ཀྱི་ཡོད། སེངྒ་པུར་གྱི་ཤེས་ཡོན་ནི་ལམ་ལུགས་ཅན་གྱི་ངོས་ནས་གོང་འཕེལ་ཕྱིན་པ་རེད།

དོན་དངོས་སུ་ཁེ་ན་ཌ་ལ་མཚོན་ན་རྒྱལ་ཡོངས་གཅིག་གྱུར་རང་བཞིན་གྱི་ཤེས་ཡོན་ལམ་ལུགས་མེད། ཁོ་ཚོའི་ཤེས་ཡོན་ལམ་ལུགས་དེ་མངའ་སྡེ་རེ་རེའི་རང་སྐྱོང་ཁུལ་གཞིར་བཞག་ཐོག་གཏན་འབེབས་བྱས་ཡོད། དེ་ནི་གྲོང་ཁྱེར་སྤྱི་གཞུང་ཡིན་པའི་སེངྒ་པུར་དང་བསྡུར་ན་ས་རྒྱ་ཆེ་བའི་ཁེ་ན་ཌ་དང་མི་འདྲ་བའི་ཁྱད་པར་གཙོ་བོ་དེ་རེད།

དཔལ་འབྱོར་ཡར་རྒྱས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ན་ཌའི་ཤེས་ཡོན་ལེགས་འགྲུབ་ཀྱི་གནད་འགག་རྟོགས་པར་ཐབས་ཤེས་མང་པོ་བྱེད་བཞིན་ཡོད། ཡིན་ན་ཡང་ཁེ་ན་ཌའི་སློབ་སློབ་མའི་གྲངས་འབོར་ཆེ་ཤོས་གནས་སྤོ་བའི་སློབ་མ་ཆགས་ཡོད་པ་དང་། མི་རབས་གསུམ་པའི་ན་གཞོན་མང་ཆེ་བ་ཞིག་གི་ཕ་མ་གཉིས་རྒྱལ་ཁབ་གཞན་ནས་ཡོང་བ་ཆགས་ཡོད།

གནས་སྤོ་གསར་འབྱོར་བའི་གྲངས་འབོར་མགྱོགས་མྱུར་ངང་འཕེལ་ཏེ་མི་རབས་གསུམ་པའི་བྱིས་པ་ཚོའི་གྲངས་འབོར་དང་འདྲ་མཚུངས་ཆགས་ཀྱི་ཡོད། ད་ལྟའི་རྒྱལ་སྤྱིའི་སློབ་མའི་ཤེས་ཡོན་ཚན་པས་ཤེས་ཡོན་གནས་ཚད་གོ་རིམ་བསྒྲིགས་པ་དེ་རྒྱལ་ཡོངས་རང་བཞིན་ལས་ས་ཁུལ་རང་བཞིན་གྱི་རྣམ་པ་ལྟར་བྱས་ཡོད་ཚེ་ཁེ་ན་ཌའི་ཤེས་ཡོན་གྲུབ་འབྲས་ནི་དེ་ལས་ཀྱང་ངོ་མཚར་བ་ཞིག་ཆགས་ཡོད་ངེས།

གལ་ཏེ་ཁེ་ན་ཌའི་མངའ་སྡེ་རང་བཞིན་གྱི་ངོས་ནས་སློབ་མའི་ཤེས་ཡོན་ཚན་པའི་རྟོག་ཞིབ་ནང་འཛུལ་ཡོད་ཚེ། ཨལ་བྷར་ཊཱ(Alberta)དང་། བྷིར་ཊེ་ཤི་ཁོ་ལིམ་བྷེ་ཡ(British Columbia)། ཁེ་བྷེ་ཁི་(Quebec)གསུམ་དེ་འཛམ་གླིང་གི་སློབ་མའི་ཚན་རིག་གྲུབ་འབྲས་མཐོ་ཤོས་ཨང་ལྔ་བ་ཆགས་ཡོད། སེངྒ་པུར་དང་ཉི་ཧོང་མཉམ་དུ་སྐྱོད་ཐུབ་པ་མ་ཟད་ཧྥི་ལན་ཌི་དང་ཧོང་ཀོང་གི་སྒང་ལ་བསླེབ་ཐུབ་ཀྱི་ཡོད།

ཁེ་ན་ཌའི་རྒྱལ་ཁབ་དེ་ཇི་ལྟར་ཤེས་ཡོན་ཐད་ནས་རྒྱལ་ཁབ་གཞན་མང་པོ་ཞིག་གི་སྔོན་ལ་བསླེབས་པ་ཡིན་ནམ། དཔལ་འབྱོར་ཡར་རྒྱས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་(Andreas Schleicher)ལགས་ཀྱིས་ཁེ་ན་ཌའི་“གཅིག་གྱུར་གྱི་དོན་སྙིང་ཆེ་ཤོས་དེ་འདྲ་མཉམ་ཆགས་ཡོད།”ཅེས་བརྗོད་ཡོད། ཁེ་ན་ཌའི་མངའ་སྡེ་རེ་རེར་ཤེས་ཡོན་ལམ་སྲོལ་མི་འདྲ་བ་རེ་ཡོད་མེད་ལ་མ་ལྟོས་པར། ཚང་མ་སྤྱི་སྙོམ་གྱིས་སློབ་གྲྭ་གང་དུ་ཞུགས་ཀྱང་གོ་སྐབས་འདྲ་མཉམ་ཡོད།

རྟོག་ཞིབ་པས་བསྟན་པ་ལྟར་ན་ཁེ་ན་ཌར་ལོ་གསུམ་ནང་འབྱོར་བའི་གནས་སྤོ་བའི་བྱིས་པ་ཚོས་ཤེས་ཡོན་གྲུབ་འབྲས་དེ་གཏན་སྡོད་འཛིན་གྲོགས་ཚོའི་གྲུབ་འབྲས་ལས་མཐོ་བོར་སོན་ཡོད་པ་དང་། ཁེ་ན་ཌ་ནི་གནས་སྤོ་བའི་བྱིས་པ་ཚོའི་ཤེས་ཡོན་གྲུབ་འབྲས་ཡག་ཤོས་དང་གཏན་སྡོད་བྱིས་པ་ཚོའི་གནས་ཚད་དང་གཅིག་པ་ཆགས་ཡོད་པའི་རྒྱལ་ཁབ་དང་པོ་དེ་ཆགས་ཡོད།

ཁྱད་ཆོས་གཞན་ཞིག་ནི། ཁེ་ན་ཌའི་སློབ་གྲྭའི་དགེ་རྒན་ཚོར་རྒྱལ་སྤྱིའི་གནས་ཚད་ཀྱི་གླ་ཕོག་ཡག་པོ་སྤྲོད་ཀྱི་ཡོད་པ་དང་། སློབ་ཁྲིད་དགེ་རྒན་དེ་ཤེས་ཡོན་གནས་ཚད་མཐོ་ཤོས་ནས་འདེམ་གྱིན་ཡོད་པ་རེད།

འདྲ་མཉམ་ཀྱི་གོ་སྐབས།

ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་སློབ་གསོ་ཞིབ་འཇུག་པ་སློབ་དཔོན(Prof David Booth)ལགས་ཀྱིས་ཁེ་ན་ཌའི་འབྲི་ཀློག་སློབ་གསོར་ཤུགས་ཆེར་གཞི་བཞག་ཡོད་པས་རེད་ཅེས་བརྗོད་ཡོད།

ཁེ་ན་ཌའི་ནང་ཤེས་ཡོན་ལམ་སྲོལ་དེ་གཙོ་ཆེ་ཤོས་འབྲི་ཀློག་ཡར་རྒྱས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་དང་། དགེ་རྒན་ཚོར་ཡང་དེའི་སྐོར་ནས་སྦྱོང་བརྡར་ཡག་པོ་སྤྲོད་ཀྱི་ཡོད། སློབ་གྲྭའི་དཔེ་མཛོད་དང་ཡིག་ཚད་གཏོང་ཕྱོགས་ཚུན་སློབ་མའི་འབྲི་ཀློག་ཡར་རྒྱས་གཏོང་ཕྱོགས་ཐོག་ཤུགས་སྣོན་དང་། མི་སྒེར་གྱིས་ཀྱང་འབྲི་ཀློག་ཐོག་འབད་བརྩོན་བྱེད་ཀྱིན་ཡོད།

དབྱིན་ཡུལ་གྱི་(UCL)ཤེས་ཡོན་ལྟེ་གནས་ཁང་གི་སློབ་དཔོན་(John Jerrim)ལགས་ཀྱིས་ཁེ་ན་ཌའི་སློབ་མའི་བསྡུར་ཚད་ཨང་རིམ་མཐོ་ཤོས་བསླེབས་པ་དེས། སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་ཚད་ལ་སྟོང་ཆ་མེད་པ་མཚོན་གྱི་ཡོད་ཅེས་བརྗོད་ཡོད།

ཤེས་ཡོན་གནས་ཚད་ཆ་མི་སྙོམ་པ་དང་ཕྱོགས་སུ་ལྷུང་ཡོད་པའི་རྒྱལ་ཁབ་ཚོ་དང་བསྡུར་ན། ཁེ་ན་ཌའི་ཆ་སྙོམ་གནས་ཚད་ཧ་ཅང་མཐོ་བོར་སོན་ཡོད། ལྟོས་བཅས་ཀྱིས་མཐུན་རྐྱེན་བཟང་བའི་སློབ་མ་དང་མཐུན་རྐྱེན་སྐྱོ་བའི་སློབ་མའི་བར་ཁྱད་པར་ཅུང་ཙམ་ཕྱིན་ཡོད། ཉེ་སྔོན་རང་ཤེས་ཡོན་རྟོག་ཞིབ་ཚན་པས་ཚན་རིག་གྲུབ་འབྲས་བརྟག་ཞིབ་བྱས་པར། ཁེ་ན་ཌའི་མི་རིགས་མི་འདྲ་བའི་སློབ་མའི་གྲུབ་འབྲས་ལ་སྤྱི་ཚོགས་དཔལ་འབྱོར་གནས་ཚད་ཀྱི་ཁྱད་པར་བརྒྱ་ཆ་ ༩ ཕྱིན་ཡོད་པ་དང་། ཧྥ་རན་སི་དང་བསྡུར་ན་བརྒྱ་ཆ་ ༢༠ དང་། སེངྒ་པུར་དང་བསྡུར་ན་བརྒྱ་ཆ་ ༡༧ ཡིན་པ་རེད། དེ་ནི་བསྔགས་འོས་པའི་ཤེས་ཡོན་ལམ་སྲོལ་ཞིག་ཏུ་གྱུར་ཡོད་ལ། ཕྱུག་པོ་དང་དབུལ་བོའི་སློབ་མའི་བར་ཁྱད་པར་ཅུང་ཙམ་ལས་མེད་པ་དང་། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཚོ་དང་བསྡུར་ན་ཁྱད་པར་ཅུང་ཙམ་ལས་ཕྱིན་མེད།

སློབ་དཔོན་(Jerrim)ལགས་ཀྱིས་གནས་སྤོ་བ་ཚོའི་ཕྲུ་གུའི་ཤེས་ཡོན་གནས་ཚད་མཐོ་བོར་ཕྱིན་པ་དེ་ཁེ་ན་ཌའི་ལེགས་འགྲུབ་ཆེན་པོ་ཞིག་ཡིན་པར་བརྗོད་ཡོད་པ་དང་། ཁེ་ན་ཌར་ཡོང་བའི་གནས་སྤོའི་ཁྱིམ་ཚང་མང་ཆེ་བ་ཞིག་རྒྱ་ནག་དང་རྒྱ་གར། པ་ཀི་སི་ཐན་སོགས་ནས་ཡིན་པ་དང་། ཁོ་ཚོས་བྱིས་པའི་ཤེས་ཡོན་སྐོར་ལ་དོ་སྣང་དང་བྱིས་པར་ཆེད་ལས་སློབ་སྦྱོང་ཐོབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

སློབ་དཔོན་(Jerrim) ལགས་ཀྱིས། གནས་སྤོ་བའི་ནང་མི་ཚོས་ལེགས་འགྲུབ་ཞིག་ཡོང་བར་རེ་ནས་ཡོད་པ་ལྟར། ཁོ་ཚོའི་རེ་བཞག་མཐོ་བོ་དེ་བྱིས་པ་ཚོས་ཤེས་ཡོན་སློབ་སྦྱོང་ལེགས་འགྲུབ་ཡོང་བར་བཅང་ཡོད། ཅེས་བརྗོད།

དེ་བཞིན། ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Booth)ལགས་ཀྱིས་གནས་སྤོ་བའི་ཁྱིམ་ཚང་དག་ལ་རེ་བ་ཆེན་པོ་རྒྱག་གི་ཡོད། “ཁེ་ན་ཌར་ཡོང་བའི་གནས་སྤོ་བའི་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་བྱིས་པ་སློབ་གྲྭ་ནས་ཡང་རྩེར་སོན་པར་རེ་བ་བརྒྱབ་ཡོད་པ་དང་། ཁོང་ཚོའི་བྱིས་པ་ཚོར་སློབ་སྦྱོང་བྱེད་འདོད་ཀྱི་སེམས་ཤུགས་ཀྱང་ཆེན་པོ་འདུག” ཅེས་བརྗོད་ཡོད།

ལོ་འདི་ནི་ཁེ་ན་ཌའི་ཤེས་ཡོན་གྲུབ་འབྲས་ཆེན་པོ་བླངས་བའི་ལོ་ཞིག་ཆགས་ཡོད།

ཁེ་ན་ཌའི་མཐོ་རིམ་སློབ་གྲྭ་ཁག་ལ་མཚོན་ན་ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་གནས་སྤོ་བ་བཀག་སྡོམ་བྱས་པའི་ཤུགས་རྐྱེན་ལ་བརྟེན་ཏེ། ཕྱི་ལོགས་ནས་སློབ་མ་འཛུལ་ཞུགས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་ལ། ཁོ་ཚོས་ཁེ་ན་ཌ་ནི་ཨ་རིའི་ཚབ་ཏུ་སློབ་སྦྱོང་བྱེད་ཡུལ་ཞིག་ཏུ་འདེམ་གྱི་ཡོད།

དེ་བཞིན་ད་ལོའི་འཛམ་གླིང་གི་དགེ་རྒན་གཟེངས་རྟགས་དེའང་ཁེ་ན་ཌའི་བུད་མེད་དགེ་རྒན་( Maggie MacDonnell)ལགས་སུ་ཐོབ་ཡོད་པ་དང་། ཁོ་མོས་གཟེངས་རྟགས་དེ་སྤྱད་ནས་ཁེ་ན་ཌར་སྐྱེས་པའི་སློབ་མ་ཚོར་སློབ་སྦྱོང་ཐོག་སེམས་ཤུགས་སྤར་བའི་ལས་འགུལ་སྤེལ་གྱིན་ཡོད།

ལོ་འདི་ནི་ཁེ་ན་ཌ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་ལོ་ ༡༥༠ འཁོར་བའི་ལོ་དེ་ཡིན་པ་དང་། ཤེས་ཡོན་གྲུབ་འབྲས་ཐད་ནས་ཁེ་ན་ཌ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཡང་རྩེར་སོན་པའི་ལོ་དེ་ཆགས་ཡོད། །

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༠༦

Leave a Reply