གོ་ཝུན་ཀེ་ཡི་ཚ་མོར་ཁྲིམས་ཐག་བཅད།

རྒྱ་ནག་ཧི་ནན་ཞིང་ཆེན་ཁེ་ཧྥོང་འབྲིང་རིམ་ཁྲིམས་ཁང་གིས་ཕྱུག་བདག་གོ་ཝུན་ཀེ་ཡི་ཚོང་གཉེར་ཁང་ནས་དངུལ་ཧམ་ལེན་བྱས་པའི་ཉེས་མིང་འོག་རྒྱ་སྒོར་ས་ཡ་ ༡༥༠ ཡི་ཉེས་ཆད་དང་གོ་ཡི་ཚ་མོ་སོགས་ལ་ཁྲིམས་ཐག་བཅད་འདུག

རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཧི་ནན་ཞིང་ཆེན་ཁེ་ཧྥོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས། གོ་ཝུན་ཀེ་ཡི་ཧི་ནན་ཡས་ཏ་ཚོང་གཉེར་ཁང་གིས་དངུལ་ཁང་ནས་དངུལ་མང་པོ་ཧམ་ལེན་བྱས་ཡོད་པའི་ཉེས་མིང་འོག ཚོང་གཉེར་ཁང་དེ་ལ་རྒྱ་སྒོར་ས་ཡ་ ༡༥༠ ཡི་ཉེས་ཆད་བཅད་ཡོད་པ་མ་ཟད། ཚོང་གཉེར་ཁང་དེའི་མཐོ་རིམ་ལས་བྱེད་ཀང་ཤིན་ཁྲིན་དང་། གོ་ཝུན་ཀེ་ཡི་ཚ་མོ་གོ་ལི་ཅཱ། ཞའོ་ཡན་ལིན་བཅས་ལ་དངོས་སུ་ཁྲིམས་བཤེར་བྱས་པ་བརྒྱུད། ཀྲང་ཤིན་ཁྲིན་ལ་ལོ་གཉིས་ཁྲིམས་ཆད་དང་དངུལ་གྱི་ཉེས་ཆད། གོ་ལི་ཅཱ་ལ་ལོ་གཅིག་དང་ཕྱེད་ཀྱི་ཁྲིམས་ཆད་དང་ལོ་གཉིས་ཁྲིམས་ཆད་ཕྱིར་འགྱངས་བྱས་པའི་ཐོག་དངུལ་གྱི་ཉེས་ཆད། ཞའོ་ཡན་ལིན་གྱིས་རང་ཉེས་ངོས་ལེན་བྱས་ཏེ་ནག་ཉེས་ཆེན་པོ་མེད་ལུགས་ཀྱིས་གུ་ཡང་བཏང་ཡོད་འདུག

གོང་གི་གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་གིས། ཨ་རིར་ཡོད་པའི་གོ་ཝུན་ཀེ་ཡི་བཀོད་བྱུས་འོག་གོང་གི་ལས་བྱེད་གསུམ་གྱིས་མགོ་སྐོར་ཐབས་ཇུས་ལ་བརྟེན་ནས་དངུལ་ཁང་ནས་རྒྱ་སྒོར་དུང་ཕྱུར་ ༡༤.༣༥  ལྷག་གཡར་ཡོད་པ་མ་ཟད། ས་ཡ་ ༢༡༢ ཕྱིར་སྤྲད་མེད་པ་དང་། དངུལ་དེའི་ནང་ནས་ཀྲང་ཤིན་ཁྲིན་གྱིས་རྒྱ་སྒོར་དུང་ཕྱུར་ ༡༤.༣༥ ཧམ་ལེན་བྱས་པ་དང་། གོ་ལི་ཅའ་དང་ཞའོ་ཡན་ལིན་གྱིས་རྒྱ་སྒོར་ས་ཡ་ ༦༠ ཧམ་ལེན་བྱས་ཡོད་སྟབས། རྒྱལ་ཁབ་ཀྱི་དངུལ་རྩའི་དོ་དམ་སྒྲིག་གཞིར་རྙོག་ཟིང་བསླངས་བ་དང་། དངུལ་རྩའི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་སྐོར་ལུགས་དང་། ཁྲིམས་རའི་ནང་ཉེས་ཅན་ཚོས་ཁྲིམས་ཆད་དང་ལེན་གྱིས་བསྐྱར་དུ་ཁྲིམས་གཏུག་བྱ་རྒྱུ་མིན་ལུགས་བརྗོད་ཡོད་པ་བསྒྲགས་འདུག

ཚེས་ ༤ ཉིན་ཨ་རིར་ཡོད་པའི་གོ་ཝུན་ཀེ་ཡིས་དྲ་བརྙན་བརྒྱུད། ཧི་ནན་ཁྲིམས་ཁང་གི་ཁྲིམས་ཆད་དེ་ནི་ཉེས་མེད་ཉེས་འདོགས་ཀྱིས་ཁུངས་མེད་རྫུན་སྒྲིག་ཅིག་ཡིན་པ་དང་། ཁོའི་ཚ་མོ་གོ་ལི་ཅཱ་ཉིན་བཅུ་ཡི་རྗེས་ནས་ཀློད་གྲོལ་ཐུབ་རྒྱུ་ཡིན་སྐོར་དང་། ཡས་ཏ་ཚོང་གཉེར་ཁང་གི་ཁྲིམས་དོན་མགྲིན་ཚབ་པ་ཡཱང་ཡོང་གིས་ཚོང་གཉེར་ཁང་ནས་དངུལ་ཆད་རྒྱ་སྒོར་ས་ཡ་ ༡༥༠ སྤྲོད་རྒྱུ་དང་ལེན་མ་བྱས་པར་བརྟེན། ད་ལྟའི་ཆར་ཁོའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་ལུགས་བརྗོད་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན། ལོ་ལིན་ཞིང་ཆེན་ཏ་ལན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས། དེ་སྔོན་ཕྱུག་བདག་གོ་ཝུན་ཀེ་ཡི་ལག་འོག་ཏུ་ཡོད་པའི་པེ་ཅིན་ཕན་ཀོའུ་ཧྲི་མ་རྐང་ཚད་ཡོད་ཚོང་གཉེར་ཁང་གི་མཐོ་རིམ་ལས་བྱེད་ལུའུ་ཐོ་དང་ཅེ་ཧོང་ལིན། ཡཱང་ཡེན་བཅས་ཀྱིས། གོ་ཝུན་ཀེ་ཡི་བཀོད་ཇུས་འོག་མགོ་སྐོར་གྱི་ཐབས་ལམ་བརྒྱུད་དངུལ་ཁང་ནས་དངུལ་གཡར་ལེན་བྱས་ཡོད་ལུགས་ཀྱི་ཉེས་མིང་འོག ཕན་ཀོའུ་ཧྲི་ཚོང་གཉེར་ཁང་ལ་རྒྱ་སྒོར་དུང་ཕྱུར་༢.༤༥ ཉེས་ཆད་དང་། ལུའུ་ཐོ་ལ་ལོ་གཉིས་དང་ཟླ་ ༣ དང་། ཅེ་ཧོང་ལིན་དང་ཡཱང་ཡེན་གཉིས་ལ་ལོ་གཉིས་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གསུམ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་ནས་སྔ་གཞུག་ཏུ་གཞུང་གི་བཀག་སྡོམ་སྟངས་འཛིན་འོག་ཡོད་པའི་གོ་ཝུན་ཀེ་ཡི་ཚོང་གཉེར་ཁང་དང་དེའི་ལས་བྱེད་ཟུར་པ་རྣམས་ཀྱིས། གོ་ཡི་བཀོད་ཇུས་འོག་ཁྲིམས་འགལ་གྱིས་གཞུང་རྒྱུ་ཧམ་བཟོས་བདག་བཟུང་བྱས་ཡོད་ལུགས་ཀྱི་གནས་ཚུལ་རིམ་པr་སྤེལ་བཞིན་ཡོད་པ་མ་ཟད། གོ་ཝུན་ཀེ་ཡིས་ལག་འོག་ལས་བྱེད་བུད་མེད་ལ་ཚུལ་མིན་གྱི་ཆགས་སྤྱོད་སྤེལ་ཡོད་པའི་སྒྲ་ཕབ་སོགས་བརྒྱུད་ལམ་དུ་སྤེལ་གྱི་ཡོད་པའི་དམིགས་ཡུལ་ནི། རྒྱལ་སྤྱིའི་ཐོག་གོ་ཝུན་ཀེ་ནི་སྲིད་གཞུང་གི་རྒྱུ་དངོས་ཟ་མཁན་དང་འཆལ་སྤྱོད་ཅན་གྱི་ཚོང་པ་ཐ་ཤལ་ཞིག་ཡིན་ལུགས་བསྒྲུབ་སྟེ། ཁོའི་མཐོང་དང་ཆ་འཇོག་མེད་པ་བཟོས་ནས་ཤུགས་རྐྱེན་ཆུང་དུ་གཏོང་ཆེད་ཡིན་སྐོར་བརྗོད་ཀྱི་འདུག་ལ། ཡང་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་དང་ཕྱུག་བདག་གོང་འོག་བར། སྔ་གཞུག་བར་གསུམ་ཚང་མའི་ནང་དུ་གཞུང་རྒྱུ་ཟ་མཁན་དང་། དངུལ་དང་གོ་གནས་བེད་སྤྱད་དེ་ཚུལ་མིན་ཆགས་སྤྱོད་རིགས་སྤེལ་མྱོང་མེད་མཁན་གཅིག་ཀྱང་མེད་སྟབས། ཕྱུག་བདག་གོ་ཝུན་ཀེ་ཡང་དེའི་གྲས་སུ་ཚུད་ཡོད་པ་བཤད་མི་དགོས་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༠༧

Leave a Reply