རྒྱ་ནག་པེ་ཅིན་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་ཞིག་གིས་མའོ་ཙེ་ཏུང་གདོན་འདྲེ་རེད་ཅེས་མིང་འདོགས་བྱས་སྟབས་སློབ་གཉེར་ཁང་དེ་ནས་ཕྱིར་ཕུད་བཏང་ཡོད་འདུག
ནཱ་ཇེ་རི་ཡའི་(NAN)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་པེ་ཅིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཅཱ་ཕུན་(Shi Jiepeng)ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག རྒྱ་ནག་དབུ་བརྙེས་པའི་གཙོ་འཛིན་མའོ་ཙེ་ཏུང་ལ་གདོན་འདྲེ་ཞེས་མིང་འདོགས་བྱས་སྟབས། ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་དགེ་རྒན་ཁོང་གཙུག་ལག་སློབ་གཉེར་ཁང་དེ་ནས་ཕྱིར་ཕུད་བཏང་ཡོད་འདུག
མའོ་ཙེ་ཏུང་ཕྱི་ལོ་ ༡༩༧༦ ལོར་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་སྒོར་ཚང་མའི་ཐོག་ད་དུང་མའོ་ཡི་མགོ་དཔར་བཞག་སྟེ་མའོ་ལ་བརྩི་བཀུར་བྱེད་ཀྱིན་ཡོད་སྟབས། དགེ་རྒན་ཆེན་མོ་ཧྲི་ལགས་ཀྱིས་རོའུ་ཊིར་གསར་ཁང་ལ་བརྗོད་དོན་ལྟར་ན། གཙུག་ལག་སློབ་གྲྭ་དེས་ཁོང་ལ་སྤྲད་པའི་ཡི་གེ་ནང་། སྐུ་ཞབས་ཧྲི་ལགས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་སྤྱི་ཚོགས་ལ་བརྡབ་གསིག་གཏོང་བར་བརྒྱུད་སྐུལ་བྱས་ཏེ་ནོར་འཁྲུལ་ཆེན་པོ་བཟོས་ཡོད་སྟབས། ཁོ་རང་ཕྱིར་འཕུད་བཏང་ཡོད་སྐོར་བྲིས་ཡོད་པ་དང་སློབ་གཉེར་ཁང་དེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་མེད་པ་རེད།
སྐུ་ཞབས་ཧྲི་ལགས་ཀྱིས་བི་པོ་དྲ་ཚིགས་སྟེང་མའོ་ཙེ་ཏུང་གདོན་འདྲེ་རེད་ཅེས་མིང་འདོགས་བྱས་བ་ཙམ་མ་ཟད། རྒྱ་ནག་གིས་ད་ལྟའི་རང་གི་རིག་གཞུང་འདི་དོར་ཏེ་ནུབ་ཕྱོགས་པའི་རིག་གཞུང་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་བརྗོད་ཡོད་སྟབས། བི་པོ་དྲ་ཚིགས་སྟེང་གཡོན་ལྷུང་རིང་ལུགས་པ་མང་པོ་ཞིག་གིས་སྐུ་ཞབས་ཧྲི་ལ་ངོ་རྒོལ་བྱས་ཡོད་པ་རེད།
སྐུ་ཞབས་ཧྲི་ལགས་ཀྱིས་རོའུ་ཊིར་གསར་ཁང་ལ་ “ངས་བཤད་པའི་སྐད་ཆ་ལུའོ་ཞོན་(Lu Xun)གྱིས་བཤད་པ་ལྟར་དངོས་ཡོད་དང་མཐུན་པོ་ཡོད། འོན་ཀྱང་། གཏིང་ཟབ་དེ་འདྲ་མེད། ” ཅེས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་པའི་དེང་རབས་རྒྱ་ནག་རྩོམ་རིག་དབུ་བརྙེས་མཁན་ལུའོ་ཞོན་ལ་ཟུར་ཟ་བྱས་ཏེ་བརྗོད་ཡོད།
མའོ་ཙེ་ཏུང་ལ་གཡོན་ལྷུང་རིང་ལུགས་པ་ཚོས་དམིགས་བསལ་གྱིས་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་རྒྱ་ནག་ནི་འདས་བའི་ལོ་རབས་གསུམ་གྱི་རིང་ཁྲོམ་རྭས་བཅོས་བསྒྱུར་བཏང་སྟེ་རྒྱ་ནག་ཧ་ཅང་འདྲ་མཉམ་མིན་པའི་མ་རྩ་རིང་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
དམར་ཤོག་ཚོགས་པས་མའོ་ཡི་ནོར་འཁྲུལ་བཟོས་ཡོད་ཅེས་ཁས་ལངས་ཡོད་ཀྱང་། མའོ་ཡིས་རྒྱ་ནག་ནང་རིག་གནས་གསར་བརྗེ་དང་ཡང་ན་མདུན་མཆོང་ཆེན་མོའི་ལས་འགུལ་སྤེལ་ཏེ་མི་དམངས་ས་ཡ་མང་པོ་ལྟོག་སྐོམ་གྱིས་མནར་ཏེ་ཚེ་སྲོག་ཤོར་ཡོད་པའི་སྐོར་ལ་དམར་ཤོག་ཚོགས་པས་གཞུང་འབྲེལ་སྙན་ཐོ་ཞིག་ཀྱང་བཏོན་མེད་པ་རེད།
རྒྱ་ནག་ནང་ཤེས་ཡོན་ཅན་གྱི་སྡེ་དང་སློབ་ཕྲུག་ཚོར་གཉའ་གནོད་བྱེད་བཞིན་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན་པར་དུས་རྒྱུན་འབྱུང་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ནང་སློབ་ཕྲུག་ཚོས་སྣེ་ཁྲིད་དེ་དམངས་གཙོའི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་འདུག
ཕྱི་ལོ་ ༢༠༡༣ ལོར་དམར་ཤོག་ཚོགས་པས་པེ་ཁེ་(Peking)གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པའི་ཆེད་མཁས་བ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་སྟབས་སློབ་གླིང་དེ་ནས་ཕྱིར་འཕུད་བཏང་ཡོད་པ་དང་། གསར་འགོད་པས་སྐུ་ཞབས་ཧྲི་ལགས་སུ་ད་ལྟ་རྒྱ་ནག་ནང་སྨྲ་བརྗོད་རང་དབང་གི་གནས་སྟངས་ག་འདྲ་ཡོད་མེད་དྲིས་སྐབས། སྐུ་ཞབས་ཧྲི་ལགས་ཧབ་དགོད་ཅིག་བྱས་ཏེ་བརྗོད་དོན། “ཁྱེད་ཀྱིས་ང་རང་ཕྱིར་འཕུད་བཏང་བའི་གནས་སྟངས་ལ་གཞིགས་ན་རྟོགས་ཐུབ་” ཅེས་བརྗོད་ཡོད།
རྒྱ་ནག་གཞུང་གིས་རྒྱ་ནག་ནང་རྒྱལ་སྤྱི་རང་བཞིན་གྱི་སློབ་གཉེར་ཁང་རྩེ་ཕུད་རིགས་འཛུགས་སྐྲུན་བྱེད་འདོད་ཡོད་པ་དང་། རྒྱ་ནག་གི་སློབ་གཉེར་ཁང་ཁག་ཅིག་ལ་ཕྱོགས་མང་པོའི་ཐོག་ནས་རྒྱལ་སྤྱིའི་སློབ་གཉེར་ཁང་རྩེ་ཕུད་གྲས་སུ་ཚུད་པའི་ཆ་རྐྱེན་ཚང་གི་ཡོད། འོན་ཀྱང་། མི་མང་པོ་ཞིག་གིས་གལ་སྲིད་སྲིད་གཞུང་གིས་མུ་མཐུད་སློབ་གསོའི་རང་དབང་བཀག་སྡོམ་བྱས་བ་ཡིན་ན། དེས་རྒྱ་ནག་གི་དམིགས་ཡུལ་དེ་དག་ལེགས་འགྲུབ་འབྱུང་བར་འགོག་རྐྱེན་སྤྲོད་བཞིན་ཡོད་ཅེས་རྗོད་བཞིན་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
གྲལ་རིམ་དམངས་གཙོ་གཅིག་བསྡུད་དབང་བསྒྱུར་འོག་།
ཞི་བའི་མི་མང་སྒོ་གསུམ་རང་དབང་ཤོར་།