གཟི་ཚ་སྡེ་དགུར་ས་ཡོམ་ཆེན་པོ་བྱུང་།

དེ་རིང་དགོང་མོར་སི་ཁྲོན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རུ་ས་ཡོམ་ཚད་རིམ་བདུན་ཙམ་ཞིག་བརྒྱབ་སྟེ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག

དེ་རིང་བོད་ནང་གི་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་བཅུ་དགུ་ཙམ་གྱི་ཐོག སི་ཁྲོན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རུ་ས་ཡོམ་ཚད་རིམ་བདུན་ཙམ་ཞིག་བརྒྱབ་སྟེ། ད་ལྟ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། མི་བཅུ་གྲངས་ཤིག་བསད་ཡོད་པ་དང་། མི་ཉིས་བརྒྱ་མ་ཟིན་ཞིག་ལ་རྨས་སྐྱོན་ཕོགས་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་ཡུལ་དངོས་སུ་ཡོད་པའི་ཡུལ་སྐོར་སྣེ་ཤན་པ་ཞིག་ལ་སྐད་ཆ་དྲིས་པ་ལྟར་ན། སྤྱིར་བཏང་ཁང་པ་འགྱེལ་བ་སོགས་ཀྱི་གནོད་སྐྱོན་ཆེན་པོ་བྱུང་ཡོད་ཀྱང་། མི་ལ་ཤི་རྨས་བྱུང་བ་ཕལ་ཆེར་ཚབས་ཆེན་པོ་དེ་ཙམ་མེད་སྐོར་བརྗོད་བྱུང་།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཁང་པ་མང་པོར་རྡིབ་སྐྱོན་བྱུང་སྟེ།རྒྱུ་དངོས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། མི་ལ་ཤི་རྨས་ཡང་ཚབས་ཆེན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

ས་ཡོམ་བྱུང་སྐབས་ཉེ་ཁུལ་མཛོད་དགེ་དང་རྨ་ཆུ། གཅིག་སྒྲིལ། པདྨ་སོགས་ལའང་ས་འགུལ་ཤུགས་རྐྱེན་བྱུང་ཡོད་ཀྱང་། ད་ལྟའི་ཆར་ས་ཆ་དེ་དག་ནང་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག

གཟི་ཚ་སྡེ་དགུ་ནི་མིང་དུ་གྲགས་པའི་ཡུལ་སྐོར་བའི་མཛེས་ལྗོངས་ཤིག་ཡིན་པ་དང་། ཡུལ་དེའི་བོད་མི་རྣམས་ཀྱི་སྐད་དང་ཆས་གོས་སོགས་བོད་ཡུལ་གཞན་དང་ཁྱད་པར་ཆེན་པོ་ཡོད་འདུག ཡིན་ནའང་། ཁོང་ཚོའི་ཡབ་མེས་རྣམས་ཀན་སུའུ་རྨ་ཆུ་རྫོང་ཁོངས་སུ་ཡོད་པའི་ཚོ་བ་སྟོབས་ཆེན་ཞིག་ནས་ཡིན་ཞིང་།   སྲོང་བཙན་སྒམ་པོས་ཤར་འདུལ་དུས་སྐབས་སུ་གཟི་ཚའི་ཡུལ་དུ་གནས་སྤོར་བྱས་པའི་ལོ་རྒྱུས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༠༩

Leave a Reply

One thought on “གཟི་ཚ་སྡེ་དགུར་ས་ཡོམ་ཆེན་པོ་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    འབྱུང་བའི་གནོད་ཚེ་ལ་ཁ་གཏད་བཅོག་ནུས་མཁན་སུ་གཅིག་མེད་ན་སྐྱབས་ཡུལ་བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་སྡོད་རྒྱུ་ལས་གཞན་དུ་རེ་ཡུལ་མེད་འོན་ཀྱང་འཁོར་ཡུག་ལ་མིའི་ཉམས་ཆག་འབག་རྩོག་བཟོས་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་འབྱུང་བའི་གནོད་འཚེའི་འོག་ལོ་ལྟར་མི་དང་དུད་འགྲོ་སྲོག་ཆགས་ཀྱི་ཚེ་སྲོག་འཕྲོག་བཞིན་པ་ནི་མིའི་བྱ་སྤྱོད་ངན་པའི་འདོད་རྔམས་འོག་ནས་བཟོས་པ་ཞིག་ལ་ངོས་འཛིན་ཡང་ཞུ་གི་ཡོད་།
    འབྱུང་བ་དགྲ་ལངས་ས་བཅུད་ཉམས་པའི་ཚེ་ཟེར་བ་ནས་གོ་རྟོགས་ཐུབ་པ་ཞིག་མ་རེད་དམ་?