རྒྱ་དཀར་ནག་གཉིས་སྤུན་ཟླ་རེད།

༧གོང་ས་མཆོག་གིས་རྒྱ་དཀར་ནག་གཉིས་མུ་མཐུད་ཁྱིམ་མཚེས་བྱས་ནས་འདུག་དགོས་པས་ད་ལྟའི་ས་མཚམས་རྩོད་རྙོག་གནས་སྟངས་དེ་ཛ་དྲག་པོ་རེད་བསམ་གྱི་མི་འདུག་ཅེས་གསུངས་འདུག

དེ་རིང་རྒྱ་གར་ཧུན་རྡི་སི་ཐན་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་འབྲོག་ལམ་ཁུལ་དུ་ཕན་ཚུན་ས་མཚམས་རྩོད་རྙོག་གིས་གདོང་ཐུག་རྒྱག་གྲབས་བྱེད་བཞིན་པའི་གནས་སྟངས་སྐོར་ལ། ༧གོང་ས་མཆོག་གིས་གནས་སྟངས་དེ་ “ཧ་ཅང་ཛ་དྲག་པོ་ཞིག་མ་རེད།”ཅེས་གསུངས་ཡོད་འདུག

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ཚིག་རྩུབ་བརྗོད་རེས་བྱེད་བཞིན་ཡོད་ན་ཡང་། “རྒྱ་དཀར་ནག་གཉིས་སྤུན་ཟླ་ཡིན་” “Hindi Chini Bhai Bhai”ཞེས་པ་དེ་སྔར་བཞིན་མདུན་སྐྱོད་ཀྱི་ལམ་ཁ་ཁོ་ན་ཡིན་པ་རེད་ཅེས་གསུངས་ཡོད་འདུག

༧གོང་ས་མཆོག་གིས་ “རྒྱ་དཀར་ནག་གཉིས་མུ་མཐུད་ཁྱིམ་མཚེས་བྱས་ནས་འདུག་དགོས་པས། ངས་གནས་སྟངས་དེ་ཛ་དྲག་པོ་རེད་བསམ་གྱི་མི་འདུག”ཅེས་གསུངས་ཡོད་པ་དང་། ཁོང་གིས་མུ་མཐུད་ “རྒྱུད་ལམ་ཁག་གིས་གནས་སྟངས་དེ་རྙོག་ཟིང་བཟོ་ཡི་འདུག”ཅེས་གསུངས་ཡོད་འདུག

དེ་རིང་གཟའ་ལྷག་པའི་ཉིན་༧གོང་ས་མཆོག་རྒྱ་གར་གྱི་(Editors Guild of India)ཞེས་པའི་བཀོད་སྒྲིག་གནང་བའི་སྐུ་ཞབས་(Rajendra Mathur)མཆོག་རྗེས་དྲན་ཚོགས་འདུར་ཆིབས་སྒྱུར་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ “༡༩༦༢ལོར་མཐའ་ན་རྒྱ་ནག་གི་དམག་རྒྱ་གར་གྱི་འབུམ་སྡེ་ལ་བར་དུ་སླེབས་ཡོད་ན་ཡང་། མཐའ་མ་དེར་ཕྱིར་འཐེན་བྱས་ཡོད་པ་རེད།”ཅེས་གསུངས་ཡོད་འདུག

རྒྱ་དཀར་ནག་གཉིས་འབྲས་ལྗོངས་ཀྱི་འབྲོག་ལམ་ཁུལ་དུ་ཉིན་གྲངས་༥༠རིང་ལ་ཕན་ཚུན་གདོང་ཐུག་གིས་ས་མཚམས་བརྟན་སྲུང་བྱས་ནས་བསྡད་ཡོད་པ་མ་ཟད། རྒྱ་གར་དམག་གིས་རྒྱ་ནག་དམག་མི་ཚོར་ས་ཁུལ་དེར་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་རེད།

རྒྱ་ནག་གིས་གཞུང་ལམ་འཛུགས་འཆར་གྱི་ས་ཁུལ་དེ་རྒྱ་ནག་གི་ས་ཆ་ཡིན་པས། འབྲོག་ལམ་མཐོ་སྒང་ཁུལ་གྱི་རྒྱ་གར་དམག་དཔུང་མྱུར་དུ་ཕྱིར་འཕེན་བྱ་དགོས་པ་བརྗོད་བཞིན་ཡོད།

འབྲུག་གིས་འབྲོག་ལམ་ས་ཁུལ་ནི་འབྲུག་གི་མངའ་ཁོངས་ཡིན་པས་བདག་དབང་འབྲུག་ལ་ཡོད་སྐོར་བརྗོད་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་ས་ཁུལ་དེ་རྒྱ་ནག་ལ་དབང་བས་ཐིམ་ཕུ་ཡིས་པེ་ཅིང་མཉམ་དུ་བདག་དབང་རྩོད་གླེང་བྱེད་པའི་དབང་ཆ་མེད་སྐོར་བརྗོད་ཡོད་པ་རེད།

ཉེ་སྔོན་རང་རྒྱ་གར་ཕྱི་སྲིད་བློན་ཆེན་(Sushma Swaraj)ཡིས་དང་པོ་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ཏེ། ས་མཚམས་རྩོད་རྙོག་གི་གནས་སྟངས་དེ་ཞི་བའི་ངང་ནས་སེལ་ཐུབ་རྒྱུར་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༡༠

Leave a Reply

3 thoughts on “རྒྱ་དཀར་ནག་གཉིས་སྤུན་ཟླ་རེད།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    རྒྱ་གར་སྲིད་བློན་གཞོན་པའི་ ས་དར་པ་ཊེལ་མཆོག་ནས་ སྲིད་བློན་རྒན་པ་ ནེ་རུ་མཆོག་ལ། ཁྱེད་རང་རྒྱ་ནག་ལ་འགྲོ་མཁན་རེད། བོད་རྒྱ་ཡི་ཆ་ཤས་རེད་ལབ་མི་ཉན། དེ་ནས་རྒྱ་དཀར་ནག་གཉིང་དཔུང་ངོམ་རེད་ཏོ། གཙོ་འཛིན་མའོ་ཡིས་ ༧གོང་ས་མཆོག་གིས་དུན་ལ། རྒྱ་གར་སྲིད་བློན་ནེ་རུ་ལ་་་ རྒྱ་དཀར་ནག་གཉིས་དམག་བརྒྱབ་པས་ལོ་རྒྱུ་མེད་བཤད་ཡོད། བོད་ས་ཡོངས་སུ་བཙན་ཕྲོག་བྱེད་བྱས་ ལོ་གསུམ་པའི་སྟེང་ ༦༢ ལོར་རྒྱ་གར་ལ་རྒྱ་དམག་གིས་ ཅི་ནི་ ཧིན་དི་ བ་ཡི་བ་ཡི་གསོལ་རས་གནང་པ་རེད། དེ་ལ་ཁྱེད་རྣམས་བསམ་ཚུལ་ག་རེད་ཡོད་དམ།

  2. འབྲོག་ལམ་གྱི་ས་ཐོག་བྱུང་བའི་རྒྱ་དཀར་ནག་གི་རྩོད་རྙོག་དེ་ཐོབ་ཐང་མེད་པའི་རྩོད་གཞི་བཟོས་ཏེ་རྩོད་རྙོག་བྱུང་བ་ཞིག་ཏུ་མཐོང་། དུས་ཀྱི་འཕོ་འགྱུར་ལས་འཛམ་གླིང་ནང་དེང་དམར་པོ་བཙན་རྒྱལ་རིང་ལུགས་བྱང་ཀོ་རྒྱ་དམར་གཉིས་དང་སྟོབས་ཆེན་རང་དབང་མང་གཙོའི་རྒྱལ་ཁབ་ཀྱི་གཙོ་བདག་ཨ་རི་དང་རྒྱ་གར་བཅས་ཀྱིས་ཕན་ཚུན་སྟོབས་ཤུགས་ངོམ་རེས་ཀྱི་ཁ་དམག་འགྲན་པའི་ཁ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། དེ་ན་ང་ཚོ་སྤུན་ཟླ་ཚོ་སྐྱབས་བཅོལ་བ་རྣམས་གཉིད་ལས་ལོངས་ཏེ་གོ་སྐབས་དེ་དམ་འཛིན་གྱིས་ཕྱི་ལོ་ང་དགུའི་གོང་གི་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནས་སྟངས་དངོས་ཡོད་དང་། བོད་དེ་སྐྱབས་བཅོལ་དུ་གྱུར་བ་ནས་བཙན་རྒྱལ་རྒྱ་དམར་ཁྲིམས་འགལ་གྱིས་བོད་ཀྱི་ས་མཚམས་བདག་དབང་བཟུང་སྟེ་བོད་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་འདྲ་མིན་ནང་གཞི་མེད་རྩོད་རྙོག་བཟོ་བཞིན་པའི་བདེན་པ་ར་སྤྲོད་ཀྱི་ཐབས་བྱུས་ལྡན་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་དགོས་པའི་དུས་ལ་འབབ་པར་མཐོང་།

  3. གཞུང་པ་ཚེ་དབང་བསོད་ནམས་

    དང་པོ་ sushma swaraj ཕྱི་སྲིད་བློན་ཆེན་རེད་ནང་སྲིད་དང་ཕྱི་སྲིད་ནོར་མི་ཉན་།
    གཉིས་པ་རྒྱ་དཀར་ནག་གི་དབུ་འཁྲིད་ཚོ་རང་གི་རྐུབ་ཀྱག་བསྲ་
    བརྟན་ཆེད་ཞི་བའི་མི་མང་གི་བློ་སེམས་འགུག་ཐབས་སུ་དམག་
    སྒྲ་སྒྲིགས་པ་ལས་བོད་མ་རྒྱུད་པར་རྒྱ་དཀར་ནག་བར་ས་མཚམས་ག་ནས་ཡོད་རེད་འཛམ་གླིང་གི་ས་ཁྲ་དང་རྒྱལ་རབས་ལོ་རྒྱུས་ལ་གཟིགས་དང་དེ་ནས་ཆུ་དཱངས་ཉ་གསལ་ཡོང་ངེས་།