བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་བསྐོ་དགོས།

ད་ལྟ་ཚོགས་བཞིན་པའི་རྒྱ་གར་གྲོས་ཚོགས་ཐོག་རྒྱ་གར་ནང་བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་དུ་བསྐོ་བཞག་དགོས་པའི་གྲོས་གཞི་གྲོས་འཆར་བཏོན་ཡོད་འདུག

རྒྱ་གར་གྱི་ཕྱིའི་བཀོད་པ་ཞེས་བའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་རྒྱ་གར་ཨུ་ཊར་མངའ་སྡེའི་བྷི་ཇཱི་ཕུ་(Uttar,BJP)ཚོགས་པའི་ཚོགས་གཙོ་ཨཱ་མུ་ཤན་(Amit Shah)ལགས་ཀྱིས། ཚོགས་བཞིན་པའི་ཆར་དུས་གྲོས་ཚོགས་ནང་བ་གླང་ལྟ་སྐྱོང་བློན་ཆེན་གསར་བ་ཞིག་བསྐོ་བཞག་བྱེད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། ད་ལྟ་བརྗོད་གཞི་དེའི་ཐོག་གྲོས་ཚོགས་ནང་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཞེས་བརྗོད་འདུག

གསར་འགོད་གསལ་བསྒྲགས་དེའི་ཐོག་ཨུ་ཊར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨཱ་ཌི་ཡ་ནཱ་ཐི་(Adityanath)ལགས་ཀྱང་སྐུ་ཞབས་ཨཱ་མུ་ཤན་དང་ལྷན་དུ་ཡོད་པ་དང་།  སྐུ་ཞབས་ཨཱ་ཌི་ཡ་ནཱ་ཐི་ལགས་ནི་བ་གླང་སྲུང་སྐྱོབ་ཞེས་བའི་ལས་འགུལ་སྤེལ་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོར་ཁོང་གིས་མུ་དྷེ་གཞུང་ལ་བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་བསྐོ་དགོས་པའི་རེ་སྐུལ་ཞུས་ཏེ་ཁོང་གྲོས་འཆར་དེ་འདོན་མཁན་ཐོག་མ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་མངའ་སྡེ་ར་ཇཱེ་སི་ཐན་ནང་བྷི་ཇཱེ་ཕུ་ཚོགས་པར་ཆབ་སྲིད་དབང་ཆ་ཐོབ་ཡོད་པ་དང་།  སྐབས་དེར་ཁོ་ཚོས་ར་ཇཱི་སི་ཐན་ནང་བ་གླང་ལྟ་སྐྱོང་བློན་ཆེན་གསར་བ་ཞིག་བསྐོ་བཞག་དང་ཚོགས་པ་གསར་འཛུགས།  དེ་བཞིན་བ་གླང་གི་རིགས་རྒྱུད་ཞིབ་འཇུག་བྱེད་པའི་ལྟེ་གནས་ཁང་སོགས་བཙུགས་ཏེ། ར་ཇཱི་སི་ཐན་རྒྱ་གར་ནང་བ་གླང་ལྟ་སྐྱོང་གི་བློན་ཆེན་བསྐོ་བཞག་བྱེད་མཁན་མངའ་སྡེ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། སྐབས་དེར་བྷི་ཇཱི་ཕུ་ཚོགས་པའི་མགྲིན་ཚབ་པས་བ་གླང་ནི་ང་ཚོའི་ཨ་མ་ཡིན་ཞེས་བརྗོད་ཡོད་པ་རེད།

ཕྱི་ལོ་  ༢༠༡༤ ལོར་སྐུ་ཞབས་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་ཆགས་སྐབས།  ཁོང་གིས་མི་མང་ལ་ཁས་ལེན་དམ་བཅའ་མང་པོ་བཞག་ཡོད་པའི་ཁྲོད་རྒྱ་གར་རྒྱལ་ཡོངས་སུ་བ་གླང་གསོད་གཏུབ་ཀྱི་ལས་ཀ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྟབས།  ལོ་དེའི་ཕྱི་ཟླ་ ༤ པའི་ནང་སྲིད་བློན་མུ་དྷེ་མཆོག་གིས་བ་གླང་ལའང་ཨ་རྡར་ཐོབ་ཐང་ལག་ཁྱེར་(Aadhar)ལྟ་བུའི་ཞིབ་བཤེར་ཐོ་འགོད་ཀྱི་ཡིག་ཆ་བཟོ་རྒྱུའི་འཆར་གཞི་བཟོས་ཡོད་པ་མ་ཟད།  མུ་དྷེ་མཆོག་གི་ཕ་ཡུལ་མངའ་སྡེ་གྷོ་ཇའོ་ར་ཊིའི་(Gujarat)ནང་བ་གླང་གསོད་གཏུབ་བྱས་བ་ཡིན་ན། ཚེ་གང་བཙོན་ཁང་དུ་འདུག་དགོས་པའི་ཁྲིམས་བཟོས་ཡོད་པ་རེད།

ཡང་རྒྱ་གར་གྱི་ཕྱིའི་བཀོད་པ་ཞེས་པ་དེའི་ནང་། ཉེ་ཆར་སྲིད་བློན་མུ་དྷེ་མཆོག་གིས་རྒྱ་གར་ནང་བ་གླང་སྡེབ་གསོད་རྒྱག་གི་ཡོད་པའི་ཐད་སྐྱོན་བརྗོད་བསྟུད་མར་གནང་ཡོད་པར་བརྟེན། ཐེངས་འདིའི་རྒྱ་གར་ཆར་དུས་གྲོས་ཚོགས་འཕྲོ་བརླག་བཏང་ཡོད་པ་དང་། མུ་དྷེ་སྲིད་གཞུང་གི་ཁ་གཏད་ཚོགས་པས་རྒྱ་གར་ནང་བ་གླང་གསོད་གཏུབ་མཚམས་འཇོག་གི་ལས་འགུལ་ཐད་གྲོས་བསྡུར་གཏིང་ཟབ་ཅིག་མ་བྱས་ཚེ། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་རྒྱུན་སྐྱོང་ཐུབ་རྒྱུ་ཁག་པོ་བཟོས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༨/༠༩

Leave a Reply

5 thoughts on “བ་གླང་ལྟ་སྐྱོང་བློན་ཆེན་ཞིག་གསར་བསྐོ་དགོས།