རྒྱ་གར་བྱང་ཤར་གྱི་བོད་པའི་གཏན་སློབ་གསུམ་སྒོ་བརྒྱབ་སྟེ་ཉིན་ ༥༨ སོང་འདུག

རྡོ་རྗེ་གླིང་གི་ངོ་རྒོལ་ལས་འགུལ་མུ་མཐུད་པར་བརྟེན་རྒྱ་གར་བྱང་ཤར་དུ་ཡོད་པའི་ཀ་ལོན་སྦུག་གཏན་སློབ་དང་རྡོ་རྗེ་གླིང་གཏན་སློབ། དེ་བཞིན། སོ་ན་ཌ་གཏན་སློབ་གསུམ་དབྱར་ཁའི་གུང་སེང་རྗེས་ད་ལྟའི་བར་སློབ་གྲྭ་ཚོགས་ཐུབ་མི་འདུག

ད་ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་རྒྱ་གར་གྱི་ནུབ་བང་གྷལ་(West Bengal)མངའ་སྡེ་གཞུང་གིས་མངའ་སྡེ་དེའི་ཁྱབ་ཁོངས་སློབ་གྲྭ་ཐམས་ཅད་ལ་བང་གྷལ་སྐད་ཡིག་ངེས་པར་དུ་སློབ་འཁྲིད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་བསྟུན། མངའ་སྡེ་དེའི་ཁོངས་གཏོགས་རྡོ་རྗེ་གླིང་ས་གནས་མི་མང་གིས་བཀའ་རྒྱ་དེར་ངོ་རྒོལ་དྲག་པོ་བྱས་ཏེ་བརྩིས་མེད་བཏང་ཡོད་པ་རེད། ཁོང་ཚོ་ནི་ཕ་མེས་ཡང་མེས་ནས་བརྒྱུད་བལ་པོའི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཡིན་སྟབས། རྒྱ་གར་གྱི་མི་སེར་ཚང་མར་རང་གི་རིག་གཞུང་དང་ངོ་བོ། དེ་བཞིན། སྐད་ཡིག་བདག་ཉར་སྲུང་སྐྱོབ་བྱེད་པའི་རང་དབང་ཡོད་ཅེས་སྐད་འབོད་བྱས་པ་བརྒྱུད། ལོ་ངོ་དུ་མའི་རིང་ནས་ཁུལ་དེའི་མི་མང་གིས་གོར་ཁའི་ཡུལ་ཞེས་པའི་མངའ་སྡེ་ཞིག་ལོགས་སུ་དགོས་པའི་རེ་འདུན་འདོན་བཞིན་པའི་མེ་རོ་དེ་སླར་ཡང་ཤུགས་ཆེ་རུ་ཕྱིན་ཡོད་འདུག

གོར་ཁ་མི་མང་གིས་རྒྱ་གར་གཞུང་ལ་མངའ་སྡེ་ལོགས་སུ་ཡོད་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་ཉིན་རེ་ནས་ཉིན་རེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཁུལ་དེའི་ཟ་ཁང་། ཚོང་ཁང་། སློབ་གྲྭ་ཁག་སོགས་སྒོ་བརྒྱབ་ཡོད་པ་མ་ཟད། རྡོ་རྗེ་གླིང་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཆ་གྲགས་ཅན་ཞིག་ཡིན་ཡང་། མངའ་སྡེ་གཞུང་གིས་གནས་སྐབས་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག་བྱས་དགོས་བྱུང་ཡོད་འདུག

རྡོ་རྗེ་གླིང་དང་དེའི་ཉེ་འཁོར་ས་གནས་ཁག་ལ་བོད་མི་མང་པོ་ཞིག་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད། ཟིང་འཁྲུག་འབྱུང་བཞིན་པའི་ས་ཆའི་ཁུངས་བོད་པའི་གཏན་སློབ་རྡོ་རྗེ་གླིང་། ཀ་ལོན་སྦུག དེ་བཞིན། སོ་ན་ཌ་བཅས་གསུམ་ཡོད་པ་དང་། སྟབས་ལེགས་པ་ཞིག་ལ་རྡོ་རྗེ་གླིང་དུ་ཟིང་འཁྲུག་བྱུང་སྐབས་སློབ་གྲྭ་དེ་གསུམ་དབྱར་ཁའི་གུང་སེང་དུ་ཁེལ་ཡོད་འདུག སྤྱིར་སློབ་གྲྭ་དེ་དག་གི་དབྱར་ཁའི་གུང་སེང་ཉིན་ ༢༠ སྟེ་ཕྱི་ཟླ་ ༦ ཚེས་ ༤ ནས་ ༢༣ བར་དུ་ཡིན་ཡང་།  བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་སློབ་གྲྭ་དེ་གསུམ་གྱིས་གོ་བསྡུར་གནང་རྗེས།འབྲེལ་ཡོད་ས་གནས་བདེ་དོན་ལས་ཁུངས་བརྒྱུད་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་ཕྱི་ཟླ་ ༨ ཚེས་ ༡༣ བར་དུ་སློབ་གྲྭའི་འཚོགས་དུས་འཕར་འགྱངས་བྱས་པ་གསལ་བསྒྲགས་གནང་ཡོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན།ད་ལྟ་རྡོ་རྗེ་གླིང་གཏན་སློབ་ཏུ་སློབ་ཕྲུག་ ༣༠༡ དང་། ཀ་ལོན་སྦུག་གཏན་སློབ་ཏུ་སློབ་ཕྲུག་ ༣༣༤ དང་། སོ་ན་ཌ་གཏན་སློབ་ཏུ་སློབ་ཕྲུག་ ༢༠༢ བཅས་ཁྱོན་བསྡོམས་སློབ་མ་ ༨༣༧ ཙམ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས། གོར་ཁའི་ཡུལ་ལོགས་སུ་དགོས་པའི་ངོ་རྒོལ་སྐད་འབོད་བྱུང་རྗེས་བོད་པའི་སློབ་གྲྭ་གཅིག་པུ་མིན་པར། ཁུལ་དེར་ཡོད་པའི་རྒྱ་གར་སློབ་གྲྭ་ཁག་དང་།  ཚོང་གི་སྡེ་ཚན་ཡོད་ཚད་སྒོ་བརྒྱབ་དགོས་བྱུང་ཡོད་པ་རེད། ཕ་གིའི་ང་ཚོ་བོད་པའི་སློབ་གྲྭ་དེ་དག་ནི་རྒྱ་གར་གཞུང་གི་གཟིགས་རྟོགས་འོག་ཡོད་པ་དང་གོར་ཁའི་རྙོག་དྲ་དེ་ཆབ་སྲིད་ཀྱི་རྙོག་དྲ་ཞིག་ཡིན་སྟབས། ཐོག་མར་ང་ཚོས་སློབ་གྲྭའི་འཚོགས་དུས་དུས་འགྱང་ག་ཚོད་བྱེད་དགོས་མིན་ཚོད་མ་ཐིག་པར་གནས་སྐབས་དེ་ལྟར་བསྡད་པ་རེད། འོན་ཀྱང་། རྙོག་དྲ་མུ་མཐུད་དེ་བྱུང་དང་འབྱུང་བཞིན་འདུག་ལ། སློབ་གྲྭ་མགྱོགས་པོར་འཚོགས་མ་ཐུབ་པའི་གནས་སྟངས་གཏན་འཁེལ་བ་ཞིག་ཆགས་ཡོང་གི་འདུག ད་ལྟ་སློབ་ཕྲུག་དེ་ཚོ་རང་གི་ཕ་མའི་འགྲམ་དུ་ཡོད་པ་རེད། འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་ཚོས་འཆར་ལོའི་ཕྱི་ཟླ་ ༣ དང་ ༤ པའི་རྒྱལ་ཡོངས་ཡིག་རྒྱུག་ནང་ཞུགས་དགོས་སྟབས། ཁོང་ཚོར་འཛིན་གྲྭ་འཚོགས་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། ང་ཚོས་བོད་སློབ་འཛིན་སྐྱོང་འགན་འཛིན་ལ་སྙན་སེང་ཞུས་ཏེ་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་དང་རྩིས་རིག་སྡེ་ཚན་ནང་ཡོད་པའི་སློབ་མ་ཚོ་མ་སུ་རི་གཏན་སློབ་དང་། འབྱུང་རིག་སྡེ་ཚན་གྱི་སློབ་ཕྲུག་ཚོ་ཧར་བར་པུར་གཏན་སློབ། དེ་བཞིན། ཚོང་ལས་སྡེ་ཚན་གྱི་སློབ་ཕྲུག་ཚོ་ཤིམ་ལ་གཏན་སློབ་ཏུ་རྙོག་དྲ་ཞི་འཇགས་མ་ཆགས་བར་དུ་སློབ་སྦྱོང་བྱེད་ཆོག་པའི་རེ་འདུན་བཏོན་པ་ལྟར། སློབ་མ་དེ་ཚོ་སློབ་གྲྭ་དེ་དག་ནང་བསྐྱལ་ཚར་བ་རེད། དེ་མིན་འཛིན་རིམ་ ༡༡། ༡༠། ༩ པའི་སློབ་མ་ཚོར་ཐབས་ཤེས་ཤིག་རྙེད་མ་སོང་། ང་ཚོས་ས་གནས་བདེ་དོན་ལས་ཁུངས་དང་འབྲེལ་ཡོད་ཕ་མ་རྣམས་ལ་འབྲེལ་བ་བྱས་ཏེ། གནས་སྐབས་ས་གནས་སོ་སོར་རང་སྦྱོང་གི་ལས་རིམ་དེ་འདྲ་གོ་སྒྲིག་ཞུ་ཐུབ་ཀྱི་ཡོད་མེད་ལ་གཟིགས་རྟོགས་གནང་རོགས་ཞུས་པ་ལྟར། ས་གནས་གཅིག་གཉིས་ནས་དེ་འདྲའི་གོ་སྒྲིག་ཞུ་ཐུབ་ཀྱི་ཡོད་ས་རེད། དེ་མ་གཏོགས་ད་ལྟའི་འཆར་ཁོང་ཚོར་དམིགས་བསལ་གྱིས་སློབ་གྲྭ་ཡར་མར་གནས་སྤོ་བྱ་རྒྱུའི་གོ་སྒྲིག་གང་ཡང་ཞུས་ཐུབ་མ་སོང་། འཛིན་རིམ་བརྒྱད་པ་མན་ཆད་ཚོར་སོ་སོའི་ས་གནས་ཁག་ལ་སམ་བྷོ་ཊའི་སློབ་གྲྭ་ཡོད་ན་སློབ་གྲྭ་དེའི་ནང་དུ་གཏོང་རོགས་ཞེས་ལབ་ཡོད་རེད། ཅེས་གསུངས་བྱུང་།

གལ་ཏེ་རྡོ་རྗེ་གླིང་གི་ཟིང་འཁྲུག་དེ་ཞི་འཇམ་མ་ཡོང་བར་ཡུན་རིང་ལྷག་ན་ག་རེ་གནང་འཆར་ཡོད་དྲིས་པར་ཁོང་གིས། གོར་ཁའི་དཀའ་རྙོག་དེ་ནི་ཆབ་སྲིད་ཀྱི་རྙོག་དྲ་ཞིག་ཡིན་སྟབས། རྙོག་དྲ་སེལ་བར་དུས་ཡུན་ག་ཚོད་འགོར་གྱི་ཡོད་མེད་བཤད་ཐུབ་རྒྱུ་ཁག་པོ་འདུག དེར་ཡོད་བོད་པའི་སློབ་གྲྭ་ཁག་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མིན་པར་རྒྱ་གར་བོད་སློབ་འཛིན་སྐྱོང་ཚོགས་པར་འབྲེལ་བ་ཡོད་སྟབས། ཁོང་ཚོ་དང་འབྲེལ་བ་བྱས་ཏེ་གང་བྱེད་དགོས་མིན་གྲོས་བསྡུར་བྱེད་དགོས་པ་ལས་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་ཐག་གཅོད་ཐུབ་པ་ཞིག་མ་རེད། ང་ཚོས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་འབྲེལ་བ་བྱེད་བཞིན་ཡོད་ལ། ཁོང་ཚོས་ད་ལྟ་སློབ་གྲྭ་དེ་དག་འཚོགས་དུས་ཕྱི་ཟླ་ ༨ ཚེས་ ༡༣ བར་དུ་ཕར་འགྱངས་བྱས་ཏེ་བཞག་ཡོད་རེད། ཅེས་གསུངས་བྱུང་།

འདི་ག་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བྱང་ཤར་སློབ་གྲྭའི་འབྲེལ་ཡོད་ལས་བྱེད་སྐལ་བཟང་ལགས་བརྒྱུད་སློབ་གྲྭ་དེ་གསུམ་གྱི་སློབ་སྤྱིའི་ཞལ་པར་ཨང་གྲངས་རག་ཐབས་བྱས་ཀྱང་། ད་ལྟ་སློབ་སྤྱི་དང་འགན་འཛིན་(Rector)གཅིག་ལྕོགས་ཀྱིས་ལས་འགན་བཞེས་བཞིན་པའི་ཀ་ལོན་སྦུག་གཏན་སློབ་ཀྱི་རྒན་སྐལ་བཟང་ཟླ་བ་ལགས་མ་གཏོགས་གཞན་ལ་འབྲེལ་བ་བྱེད་ཐུབ་མ་སོང་ལ། སྐལ་བཟང་ཟླ་བ་ལགས་ཀྱིས་དེང་སང་ཁུལ་དེའི་དྲ་ལམ་ཡང་བཀག་སྡོམ་བྱས་ཏེ་ཟླ་གཉིས་ཙམ་སོང་ཡོད་སྐོར་བརྗོད་བྱུང་།

རྒན་སྐལ་བཟང་ཟླ་བ་ལགས་ཀྱིས་འདི་གའི་གསར་འགོད་པར། ང་ཚོའི་ཀ་ལོན་སྦུག་གཏན་སློབ་ལ་ཆ་བཞག་ན་སློབ་ཕྲུག་མང་ཆེ་བ་ནི་རྒྱ་གར་བྱང་ཤར་ཏི་ཛུ་དང་། མེའོ། ཀྲུ་ཀྲིང་། བསྟན་འཛིན་སྒང་། དེ་བཞིན། ཧི་མ་ལ་ཡའི་སློབ་ཕྲུག་རྟ་དབང་། འབྲས་ལྗོངས། ར་དབང་ལ་ནས་ཡིན་པ་དང་། བལ་ཡུལ་དང་འབྲུག་ཡུལ་ནས་ཀྱང་སློབ་མ་ཁ་ཤས་ཡོད། སློབ་གྲྭའི་སློབ་མ་མང་ཤོས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་རེད། འཛིན་རིམ་ ༡༢ ཀྱི་སློབ་ཕྲུག་རྣམས་རང་གི་སློབ་ཚན་ལྟར་ཤིམ་ལ་དང་། མ་སུ་རི། ཧར་བྷར་པུར་བཅས་ལ་བཏང་སྟེ་ད་ལྟ་ཁོང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། འདིར་ཡོད་གོར་ཁའི་ཆབ་སྲིད་ཚོགས་པ་ཡོད་ཚད་ཀྱིས་གཅིག་བསྒྲིལ་བྱས་ཏེ། ཕྱི་ཟླ་ ༨ ཚེས་ ༨ བར་དུ་རྒྱ་གར་དབུས་གཞུང་ནས་གོར་ཁའི་ཡུལ་གྱི་གནད་དོན་དང་འབྲེལ་བའི་སྐོར་ལ་གྲོས་མོལ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། དེ་ལྟར་མ་བྱུང་ན། ཕྱི་ཚེས་ ༩ ལ་སླར་ཡང་དེར་ཡོད་ཚོགས་པ་ཁག་གིས་ཚོགས་འདུ་ཚོགས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་ཉེན་བརྡ་བཏང་པར་བརྟེན། ང་ཚོས་ཟླ་ཚེས་འདིའི་བར་དུ་གནས་སྟངས་ཞི་འཇགས་ཡོང་བའི་རེ་བ་བྱས་ཀྱང་དེ་འདྲ་བྱུང་མ་སོང་། ཉེ་འཆར་འདིར་ཡོད་སློབ་གྲྭ་ཁག་གིས་ངོ་རྒོ་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་པ་ཚོར་གནད་དོན་གཞན་གྱི་ཐོག་གང་བྱས་ཀྱང་། སློབ་གྲྭ་དེ་ཚོ་འཚོགས་པར་དགག་བྱ་མ་བྱེད་རོགས་ཞེས་ཞུས་ཀྱང་ཁོང་ཚོས་ཉན་འཇོག་བྱས་མེད། དེར་བརྟེན། འདིར་ཡོད་དབྱིན་ཇི་སློབ་གྲྭ་ཆེ་ཁག་མང་ཤོས་ཤིག་གནས་སྐབས་ཀཱོལ་ཀ་ཊ་(Kolkata)ལ་གནས་སྤོར་གྱིས་འཛིན་གྲྭ་འཚོགས་ཀྱི་ཡོད་པ་དང་། སློབ་གྲྭ་ཁ་ཤས་ཤིག་གིས་སི་ལི་གྷོ་ར་(Silliguri)ནས་འཚོགས་ཀྱི་འདུག ང་ཚོའི་སློབ་གྲྭ་སྒོ་བརྒྱབ་ནས་ཉིན་ ༥༨ སོང་ཡོད་པ་དང་། དགེ་རྒན་མང་ཆེ་བ་རང་ཁྱིམ་དུ་ལོག་ཕེབས་པ་རེད། ང་ཚོའི་སློབ་གྲྭ་དང་རྡོ་རྗེ་གླིང་གཏན་སློབ་ཀྱི་སློབ་སྤྱི་གཉིས་ཀྱིས་གནད་དོན་དེའི་ཐད་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་འབྲེལ་བ་ཡང་ཡང་བྱེད་ཀྱི་ཡོད་ལ། རྡོ་རྗེ་གླིང་གི་སློབ་སྤྱི་ང་གཉིས་བར་གནད་དོན་དེའི་ཐད་གང་བྱས་ན་ཡག་པོ་ཡོད་མེད་སྐོར་ལ་བགྲོ་གླེང་རྒྱུན་ལྡན་ནས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

གོར་ཁའི་ཡུལ་གྱི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནི་ད་དུང་མུ་མཐུད་དེ་སྤེལ་དང་སྤེལ་བཞིན་ཡོད་པ་དང་། བོད་པའི་གཏན་སློབ་དེ་གསུམ་གྱི་འཚོགས་དུས་འཕར་འགྱངས་ནི་ཟླ་འདིའི་ཚེས་ ༡༣ ཉིན་རྫོགས་ཀྱི་ཡོད་སྟབས། ད་ལྟ་སློབ་གྲྭ་དེའི་སློབ་མ་རྣམས་དང་ཕ་མ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་བཀའ་ལན་བཟང་པོ་ཞིག་ཡོང་བར་རེ་སྒུག་བྱས་ནས་བསྡད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༡༠

Leave a Reply

4 thoughts on “རྒྱ་གར་བྱང་ཤར་གྱི་བོད་པའི་གཏན་སློབ་གསུམ་སྒོ་བརྒྱབ་སྟེ་ཉིན་ ༥༨ སོང་འདུག

  1. དེང་སང་བོད་པའི་སློབ་གྲ་མང་པཔོང་་་པ་རེད གནས་སྐབས་རིང་ཁོང ཚོར་སློབ་སྦྱོང་སྤྲོད་ས་གནང་ན་ཡག་པོ་ཡོང་ང

  2. མགྱོགས་ནས་མྱུར་དུ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པས་ཛ་དྲག་ཐོག་ཐབས་ཤེས་གནང་གལ་ཆེ། དེ་མིན་སློབ་མ་རྣམས་ཀྱི་ཤེས་ཡོན་འཐུས་ཤོར་ཆེན་པོ་འགྲོ་རྒྱུ་ནི་བརྗོད་མ་དགོས།

  3. གོར་ཁ་མི་མང་གིས་རྒྱ་གར་གཞུང་ལ་མངའ་སྡེ་ལོགས་སུ་ཡོད་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་ཉིན་རེ་ནས་ཉིན་རེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཁུལ་དེའི་ཟ་ཁང་། ཚོང་ཁང་། སློབ་གྲྭ་ཁག་སོགས་སྒོ་བརྒྱབ་ཡོད་པ་མ་ཟད། རྡོ་རྗེ་གླིང་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཆ་གྲགས་ཅན་ཞིག་ཡིན་ཡང་། མངའ་སྡེ་གཞུང་གིས་གནས་སྐབས་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག་བྱས་དགོས་བྱུང་ཡོད་འདུག