གསར་འགོད་མཐུན་ཚོཊ་ཀྱི་རྒྱུན་ལས་འཕོ་འགྱུར་བྱུང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་བཞི་གསར་དུ་བདམས་ཐོན་བྱུང་སྟེ་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ལོ་གསུམ་རེའི་ནང་འཕོ་འགྱུར་འགྲོ་ཡི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་གྱི་ཕྱི་དྲོར་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་གསར་འགོད་པ་རྣམས་ལྷན་འཛོམས་ཐོག བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་འོས་བསྡུ་གནང་བ་བརྒྱུད།  ཕ་ཡུལ་དྲ་བའི་གསར་འགོད་པ་བསྟན་འཛིན་སྨོན་ལམ་ལགས་དང་། ཨེ་ཤ་ཡ་རང་དབང་འཕྲིན་ཁང་གི་བརྙན་ལེན་པ་འཇིགས་མེད་སྙན་གྲགས་ལགས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་གྲགས་ལགས། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་པདྨ་རྒྱལ་ལགས་བཅས་བདམས་ཐོན་བྱུང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་།

གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ནང་ཁུལ་དུ་གོ་བསྡུར་བྱས་པ་བརྒྱུད་བསྟན་འཛིན་དབང་གྲགས་ལགས་ཚོགས་གཙོ་དང་། བསྟན་འཛིན་སྨོན་ལམ་ལགས་ཚོགས་གཞོན། འཇིགས་མེད་སྙན་གྲགས་ལགས་རྩིས་པ། པདྨ་རྒྱལ་ལགས་དངུལ་གཉེར་དུ་བསྐོས་ཡོད་པ་རེད།

བོད་ཀྱི་གསར་འགོད་མཐུན་ཚོགས་ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་དྷ་རམ་ས་ལར་ཆེད་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་མཐུན་ཚོགས་ཀྱི་ཁོངས་གཏོགས་བཙན་བྱོལ་ནང་གི་གསར་ཁང་ཁག་བདུན་ནས་ཁྱོན་བོད་པའི་གསར་འགོད་པ་ ༢༦ ཚོགས་ཁོངས་སུ་ཞུགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༡༠

Leave a Reply