བླ་རུང་སྒར་ཡུལ་སྐོར་སྤྲོ་འཆམ་པའི་གནས་སུ་བསྒྱུར་འདུག་ཟེར།

བོད་ཀྱི་ཆོས་སྡེ་ཆེན་མོ་བླ་རུང་སྒར་ཆུ་ག་གོན་བཞིན་དུམ་བུ་མང་པོར་བཏང་སྟེ་སྐས་འཛེག་རིང་པོ་དང་ས་སྟོང་ཆེན་པོ་བཞག་ནས་ཚོང་ལས་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག

 ཁ་སང་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་མེག་ལོ་གྷན་ཇི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོ་གཅིག་ནང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ལ་གཏོར་བཤིག་ཅི་ཙམ་བཏང་ཡོད་པ་དང་། ཉེ་ལམ་དེ་འབྲེལ་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བ་རྣམས་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་བླ་རུང་ཆོས་སྒར་ཆུ་ག་གོན་བཞིན་དུམ་བུར་བཏང་སྟེ་ཡུལ་སྐོར་སྤྲོ་འཆམ་པའི་གནས་སུ་བསྒྱུར་ཡོད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༧ པ་ནས་འདི་ལོའི་མགོ་སྟོད་བར་དུ་བླ་རུང་ཆོས་སྒར་ཡར་རྒྱས་ལ་ཁ་གཡར་ནས་གཏོར་བཤིག་གཏོང་བཞིན་ཡོད་པའི་དམིགས་ཡུལ་ནི། སློབ་གཉེར་ཁང་དེའི་མཚན་སྙན་འཛམ་གླིང་གི་ཡུལ་གྲུ་གང་སར་ཇེ་ཆེར་སོང་ནས་ནང་ཆོས་དོན་གཉེར་བ་མང་པོ་ཞིག་གང་ས་ནས་ཕེབས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་སྟངས་འཛིན་བདེ་པོ་ཡོང་ཆེད་དུ་གཏོར་བཤིག་བཏང་བ་ཡིན་པ་དང་། རྒྱ་གཞུང་གི་བྱ་སྤྱོད་དེར་བོད་རིགས་ཙམ་མིན་པར་རྒྱ་རིགས་ནང་ཆོས་དོན་གཉེར་བ་ཚོས་ཀྱང་ཁོང་ཁྲོ་དང་བློ་ཕམ་བྱེད་ཀྱི་ཡོད་པ་མ་ཟད། དེའི་རྐྱེན་པས་རྒྱ་གཞུང་གི་ཆེ་མཐོང་ལ་ཡང་གནོད་སྐྱོན་བྱུང་ཡོད་ཚུལ་བརྗོད་སོང་།

ཡང་མོས་བླ་རུང་ཆོས་སྒར་ནས་གསང་བའི་ཐོག་གནས་ཚུལ་གསར་པ་འགའ་ཤས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་འབྱོར་བ་ལྟར་ན། རྒྱ་ནག་དབང་འཛིན་པ་ཚོས་བོད་ཀྱི་ནང་པའི་སློབ་གཉེར་ཁང་ཆེ་ཤོས་བླ་རུང་ཆོས་སྒར་ནི་ཆུ་ག་གོན་བཞིན་དུ་དུམ་བུར་བཏང་སྟེ། དགོན་པའི་གྲྭ་བཙུན་གྱི་བཞུགས་ཤག་སྟོང་ཕྲག་འགའ་ཤས་གཏོར་བཤིག་བཏང་ནས་ལམ་དང་སྐས་འཛེགས། དེ་བཞིན་ས་སྟོང་མང་པོ་བཟོས་འདུག སྐས་ལམ་དེའི་རིང་ཚད་ནི་མི་ཊར་ ༡༠༠ ལྷག་ཡོད་པ་དང་། དེ་ཚོ་ནི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་རི་རྩེར་སྐྱོད་ཆེད་བཟོས་འདུག་ལ། སྐས་ལམ་གྱི་གཡས་གཡོན་དུ་ས་སྟོང་ཧ་ཅང་ཆེན་པོ་བཟོས་ཡོད་པ་དེ་ཚོ་ནི། མེ་སྐྱོན་བྱུང་ཚེ་རྒྱ་ཁྱབ་ཏུ་མི་འགྲོ་བའི་ཆེད་ཡིན་པར་ཁ་གཡར་གྱི་ཡོད་ཀྱང་། ད་ལྟ་ལག་སོན་བྱུང་བའི་པར་རིས་ལ་གཞིགས་ན་མེ་སྐྱོན་ལ་གཡོལ་བར་ས་ཁྱོན་ཆེན་པོ་དེ་འདྲ་འཇོག་དགོས་དོན་མེད་པ་མཐོང་བ་དང་། ཕྲེད་ལམ་གསར་བཟོ་བྱས་པ་དེས་གྲྭ་ཤག་དང་ཆོས་སྡེ་དེའི་ཁོར་ཡུག་དུམ་བུ་མང་པོར་བཏང་ཡོད་ལ། དེ་དག་གིས་ཡུལ་སྐོར་སྤྲོ་འཆམ་པ་ཚོ་མགྲོན་ཁང་དང་ཟ་ཁང་སོགས་ལ་འགྲོ་བདེ་བའི་ཆེད་དུ་ཡིན་པ་མཐོང་ཐུབ་པ་རེད། ཅེས་བརྗོད་སོང་།

གཞན་ཡང་ཚེ་རིང་མཚོ་མོ་ལགས་ཀྱིས།  བཙན་བྱོལ་དུ་ཕེབས་ཡོད་པའི་བླ་རུང་སྒར་གྱི་མཁན་ཟུར་ཞིག་གིས་ད་ལྟ་གཏོར་བཤིག་མང་ཆེ་བ་བཙུན་ཤག་ཡིན་པ་དང་། གཏོར་བཤིག་དེས་རྐྱེན་བྱས་ཏེ་བཙུན་མ་ཚོར་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་འདུག་གསུངས་སོང་། གང་ཡིན་ཟེར་ན། གྲྭ་བ་མང་ཆེ་བ་སོ་སོའི་གཞིས་དགོན་དུ་ཕྱིར་ལོག་གི་ཡོད་ཀྱང་བཙུན་མ་རྣམས་ལ་དེ་ལྟར་མེད་སྟབས། གྲྭ་ཤག་གཏོར་བཤིག་བཏང་རྗེས་ ༢༠༡༧ ལོའི་སྟོན་ཀ་དང་དགུན་ཁར་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ལ་གནས་སྡོད་བྱེད་ས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་འདུག ཉེ་འཆར་ཕྱིར་འབུད་བྱས་པའི་བཙུན་མའི་ཆེད་དུ་མཚོ་སྔོན་དང་སི་ཁྲོན་ཁུལ་དུ་བཙུན་དགོན་ཆེ་བ་ལྔ་ཙམ་བརྒྱབ་འདུག་པ་དང་། དེ་བཞིན། བོད་ནང་གི་ས་ཁུལ་འགའ་ཤས་སུའང་བཙུན་མའི་སྡོད་ཁང་ཆུང་ངུ་འགའ་ཤས་བརྒྱབ་འདུག བཙུན་དགོན་དེ་དག་ལ་བླ་རུང་སྒར་གྱི་མཁན་པོ་དང་དཔེ་ཁྲིད་དགེ་རྒན་ཚོས་གནང་གི་ཡོད་པ་དང་། རྒྱ་གཞུང་གིས་ཁང་པ་གསར་རྒྱག་བཀག་སྡོམ་བྱས་རྐྱེན་ཕྱིར་འབུད་བྱས་པའི་གྲྭ་བ་འགའ་ཞིག་གིས་མི་ཉག་དཀར་མཛེས་ཁུལ་གྱི་བ་ལུ་རི་ཁྲོད་དུ་གུར་ཕུབ་ནས་བཞུགས་དགོས་པའི་གནས་སྟངས་ཆགས་འདུག ཉ་རོང་ནས་བླ་རུང་སྒར་དུ་ཕེབས་ཏེ་ལོ་ ༨ ཙམ་སོང་བའི་གྲྭ་བ་ཞིག་གིས། རྒྱ་གཞུང་གིས་བཙུན་པ་ལས་བཙུན་མའི་གྲྭ་ཤག་མང་བ་གཏོར་ཡོད་པ་དེ་རྣམས་སྐས་ལམ་དང་ཕྲེད་ལམ་གྱི་ཆེད་དུ་ཡིན་པ་ད་ཆ་གཞི་ནས་ཤེས་སོང་ཅེས་བརྗོད་ཡོད་པ་དང་། ཡང་དགོན་པའི་དཔེ་ཁྲིད་དགེ་རྒན་ཞིག་གིས། དགོན་པའི་ནང་སློབ་གཉེར་བྱ་ཡུལ་གྱི་ས་ཆ་ལས་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁྱོན་ཆེ་བ་བཟོས་ཡོད་པ་ལབ་འདུག ཅེས་བརྗོད་སོང་།

དེང་སང་བླ་རུང་སྒར་དུ་འཛུགས་སྐྲུན་གྱི་ཟང་ཟིང་དབང་གིས་དགོན་པའི་ནང་སུན་པོ་བཟོས་ནས་སློབ་གཉེར་ཚུལ་བཞིན་དུ་ཡོང་གི་མེད་པ་དང་། ཨར་ལས་བྱེད་མཁན་གྱི་རྒྱ་མི་མང་པོ་ཞིག་འབྱོར་ཡོད་ཀྱང་དེའི་ཁྲོད་བོད་མི་འགའ་ལས་མི་འདུག བླ་རུང་སྒར་དུ་ཕྱི་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་ཁང་པ་དང་ཟ་ཁང་ཆེན་པོ་གསར་སྐྲུན་བྱས་དང་བྱེད་མུས་ཡིན་འདུག་ལ། སློབ་གཉེར་གནང་སའི་ཆོས་སྡེའི་ཁོར་ཡུག་ཇེ་ཆུང་དུ་བཏང་ནས་ད་ལྟ་ཡུལ་སྐོར་སྤྲོ་འཆམ་པ་མང་བ་དང་དེའི་ཆེད་དུ་ས་ཁྱོན་ཡང་ཆེ་བ་བཟོས་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་ཡོད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པའི་ཆོས་འཁོར་དུས་ཆེན་སྐབས་བླ་རུང་ཆོས་སྒར་དུ་རྒྱ་ནག་ནས་རྒྱ་རིགས་ཧ་ཅང་མང་པོ་འབྱོར་ཡོད་པ་མ་ཟད། རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ན་དགོན་པའི་ནང་གང་བྱུང་དུ་འགྲོ་སྐྱོད་བྱེད་ཆོག་ཀྱང་། ཕྱི་རྒྱལ་བ་དང་ཤིན་ཅང་ནས་ཡིན་པ་ཚོ་ཡོང་ཆོག་གི་མེད་པ་དང་། གལ་སྲིད་རེ་ཟུང་སླེབས་ཐུབ་ཀྱང་བླ་རུང་སྒར་དུ་ཞག་སྡོད་ཆོག་གི་མེད་ཅིང་། གསེར་རྟ་རྫོང་ཐོག་གི་མགྲོན་ཁང་གི་བདག་པོ་ཚོས་ཀྱང་ཁོང་ཚོར་སྣེ་ལེན་བྱེད་མི་ཆོག་པ་བཟོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༡༡

Leave a Reply