ཕྲུ་གུ་དམར་འབྱར་ཞིག་སྦྲག་ཁང་དུ་བསྐྱལ།

སི་ཁྲོན་ཞིང་ཆེན་ནས་ཡིན་པའི་ཕ་མ་གཉིས་ཀྱིས་རང་གི་ཕྲུ་གུ་དམར་འབྱར་ཞིག་ལ་འགྱིག་ཐུམ་བརྒྱབ་སྟེ་དྭ་ཕྲུག་གཉོར་སྐྱོང་ཁང་ཞིག་ཏུ་བསྐུར་ཐབས་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲུའུ་གྲོང་ཁྱེར་གྱི་གཞུང་འབྲེལ་སྦྲག་ཁང་གི་ལས་བྱེད་ཅིག་གིས། འགྱིག་ཐུམ་བརྒྱབ་པའི་སྐྱེལ་འདྲེན་དངོས་པོ་ཞིག་འགུལ་གྱི་ཡོད་པ་མཐོང་བ་མ་ཟད། དངོས་པོ་དེའི་ནང་ནས་ཕྲུ་གུ་ཞིག་གི་ངུ་སྐད་ཐོས་སྟབས། དེ་མ་ཐག་ཉེ་འཁོར་གྱི་ཉེན་རྟོག་པར་སྐད་བཏང་སྟེ་སྔོག་བཤེར་བྱེད་སྐབས། དངོས་པོ་དེའི་ནང་དུ་ཕྲུ་གུ་དམར་འབྱར་གསོན་པོ་ཞིག་ཡོད་འདུག

ཉེན་རྟོག་པས་དེ་མ་ཐག་ཕྲུ་གུ་དེ་ཧྥུ་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། སྨན་པས་གསར་འགོད་པར་ཕྲུ་གུ་དམར་འབྱར་དེ་བུ་མོ་ཞིག་ཡིན་ཞིང་། ཉིན་ཤས་གོང་དུ་སྐྱེས་ཡོད་འདུག་ལ། ད་ལྟ་ཕྲུ་གུའི་གནས་སྟངས་བདེ་ཐང་ཡིན་ལུགས་བརྗོད་འདུག་ལ། སྨན་པས་ཕྲུ་གུའི་ཕ་མར་འབྲེལ་བ་བྱས་ཡོད་ཀྱང་། ད་ལྟའོི་ཆར་ཕ་མ་གཉིས་ཀྱིས་ཕྲུ་གུ་རྩིས་སྤྲོད་དགོས་པའི་སྐད་ཆ་གང་ཡང་བཤད་མེད་པ་མ་ཟད། སྨན་ཁང་དུ་ཕྲུ་གུར་ལྟ་རུའང་བསླེབ་མེད་པ་རེད།

སྦྲག་སྐྱེལ་བ་དེས་བརྗོད་པ་ལྟར་ན། ཉིན་དེར་ཕྲུ་གུའི་ཨ་མས་འགྱིག་ཤོག་གིས་ཐུམ་བརྒྱབ་པའི་དངོས་པོ་ཞིག་སྐྱེལ་བར་སླེབས་ཡོད་པ་དང་། མོས་འབྲེལ་ཡོད་ལས་བྱེད་ལ་དངོས་པོ་དེར་སྔོག་བཤེར་མ་བྱེད་རོགས་ཞེས་བཤད་ཡོད་སྐོར་བརྗོད་ཡོད་པ་རེད།

འབྲེལ་ཡོད་ཉེན་རྟོག་པས་བརྗོད་པ་ལྟར་ན། གནས་ཚུལ་བྱུང་མ་ཐག་ཕྲུ་གུའི་ཨ་མ་རྩད་གཅོད་བྱས་ཏེ་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་ཅིང་། མོ་ད་ལྟ་རང་ལོ་ ༢༤ ཡིན་པ་དང་། ཕྲུ་གུའི་ཕ་མ་གཉིས་སི་ཁྲོན་ཞིང་ཆེན་ནས་ཡིན་པ་སོགས་ཀྱི་གནས་ཚུལ་རྩད་གཅོད་ཐུབ་ཡོད་ཀྱང་། གནས་སྐབས་རིང་ཕ་མ་གཉིས་ཀྱི་མིང་གསང་བ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱ་གཞུང་གི་རྩ་ཁྲིམས་ལུགས་ལྟར་ན། རང་གི་ཕྲུ་གུ་བདག་མེད་བསྐྱུར་ན་ལོ་ ༥ བར་བཙོན་འཇུག་གི་ཁྲིམས་ཆད་ཕོག་གི་ཡོད་འདུག

གནད་དོན་དེ་བྱུང་རྗེས་རྒྱ་ནག་གི་དྲ་ལམ་ཁག་ཏུ་གླེང་སློང་མང་པོ་བྱུང་འདུག མི་ཞིག་གིས། ཅིའི་ཕྱིར་ཕྲུ་གུ་དེ་ཕ་མ་གཉིས་ལ་རྩིས་སྤྲོད་བྱེད་དགོས་པ་རེད། ཕྲུ་གུ་དེ་ཕ་མས་ཐེངས་གཉིས་པར་བདག་མེད་བསྐྱུར་བའི་ཆེད་དུ་ཡིན་ནམ། ཅེས་བརྗོད་ཡོད་པ་དང་། ཡང་གཞན་ཞིག་གིས། ཕྲུ་གུ་དེ་མ་འཆི་གསོན་པོར་གནས་ཐུབ་པ་ནི་བསོད་ནམས་རེད། ཕྲུ་གུའི་ཕ་མ་ལ་ངེས་པར་དུ་ཉེས་ཆད་གཏོང་དགོས་པ་རེད། ཕྲུ་གུ་དེ་དྭ་ཕྲུག་གསོ་སྐྱོང་ཁང་ལ་བསྐྱལ་ན་ལེགས། དེ་མིན་སུས་ཕྲུ་གུ་ལ་བདག་སྐྱོང་བྱེད་དམ། ཞེས་དང་། ཡང་མི་ཞིག་གིས་གལ་སྲིད་ཕྲུ་གུ་དེ་ཕ་མར་རྩིས་སྤྲོད་པ་ཡིན་ན། ཕྲུ་གུ་དེར་དེ་ལས་ཀྱང་གནས་སྟངས་ཐབས་སྡུག་ཅིག་འབྱུང་སྲིད་པས་དངོས་གནས་སྙིང་རྗེ་སྐྱེ་དགོས་པ་ཞིག་འདུག ཅེས་བརྗོད་ཡོད་པ་རེད།

 གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༡༡

Leave a Reply