དམག་ལྭ་མ་གྱོན་ན་ས་ཡོམ་རོཊ་སྐྱོབ་བྱེད་མི་ཆོག

ཁ་སང་ནས་བཟུང་རྒྱ་ནག་གཞུང་གིས་གཟི་ཚ་སྡེ་དགུའི་ས་ཡོམ་སྐོར་གྱི་གནས་ཚུལ་ཚང་མ་གཞུང་འབྲེལ་གསར་ལམ་ལ་གཞི་བཅོལ་དགོས་པའི་བཀའ་རྒྱ་བསྒྲགས་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་བྱུང་བའི་གཟི་ཚ་སྡེ་དགུའི་ས་ཡོམ་གོད་ཆག་ལ་སྲིད་འཛིན་ཞི་ཅིན་ཕིན་སོགས་ཀྱི་བཀའ་མངགས་ལྟར། གནོད་ཐེབས་ས་ཁུལ་དུ་ཛ་དྲག་མྱུར་སྐྱོབ་ཚོགས་པ་ཨང་དང་པོ་ཞེས་པ་དེ་བཏང་ནས་མྱུར་སྐྱོབ་གཙིག་འཛིན་ཆེན་པོ་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་ཀྱང་། དེ་རིང་འདི་གའི་གསར་འགོད་པས་སྤྱི་ཚོགས་དྲ་ལམ་བརྒྱུད་ཡུལ་དངོས་སུ་ཡོད་པའི་རོགས་སྐྱོབ་མི་སྣ་ཞིག་ལ་སྐད་ཆ་འདྲི་སྐབས་ཁོང་གིས། ཆུ་གློག་ཉེན་སྐྱོབ་མི་སྣ་སྡེ་ཚན་སྡེ་ཚན་བྱས་ཏེ་མང་པོ་ཞིག་བཏང་འདུག་ཀྱང་། རྫོང་གཞན་ནས་ཡོང་བ་དང་ཡུལ་མི་གནོད་ཐེབས་རོགས་སྐྱོབ་པ་ཚོར་དམག་ལྭ་གྱོན་དུ་འཇུག་བཞིན་ཡོད་པ་དང་། དམག་ཆས་མ་གྱོན་ན་གནོད་ཐེབས་ས་ཁུལ་དུ་ཡོང་བཅུག་གི་མི་འདུག ཅེས་བརྗོད་བྱུང་།

ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་སྐོར་ལ་གསར་འགོད་གསལ་བསྒྲགས་ཐེངས་གཉིས་པ་སྤེལ་ཏེ། ས་ཡོམ་ཁྲོད་མི་ ༢༠ རྐྱེན་འདས་དང་མི་ ༤༩༣ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྐོར་བསྒྲགས་ཡོད་ནའང་། ཕྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ས་ཡོམ་གྱི་གོད་ཆག་ཁྲོད་ཉུང་མཐའ་ཡང་མི་༡༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་པས། འདི་གའི་གསར་འགོད་པས་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ད་ལྟའི་ཆར་ས་ཡོམ་ཤུགས་ཆེར་བྱུང་སའི་རི་སྒང་དུ་ཡོད་པའི་ཁྱིམ་ཚང་ཡོངས་རྫོགས་རི་འདབས་སུ་གནས་སྤར་ཏེ་གུར་ཕུབ་ནས་བསྡད་ཡོད་པ་དང་། ཁང་པ་དང་རྒྱུ་དངོས་ལ་གནོན་སྐྱོན་ཚབས་ཆེན་ཐེབས་ཡོད་པར་བལྟས་ན། ཤི་རྨས་ཀྱི་གྲངས་འབོར་དེ་ཙམ་ཞིག་གིས་མི་ཚད་པར་མཐོང་ཡང། ཡུལ་དངོས་སུ་འགྲོ་མི་བཅུག་པས་གསལ་བོ་ཞིག་གཏན་ནས་ཤེས་ཀྱི་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་བརྗོད་ན། ད་ལྟའི་ཆར་ས་ཕྱོགས་གང་ས་ནས་རོགས་སྐྱོབ་ཚོགས་པ་མང་པོ་ཞིག་སླེབས་འདུག་ན་ཡང་། རྒྱ་ནག་གཞུང་གིས་རོགས་སྐྱོར་ཚོགས་པ་མང་པོ་ཞིག་ཡུལ་དངོས་སུ་འགྲོ་བཅུག་གི་མེད་སྟབས། ཐག་རིང་ནས་གཞུང་གི་རོགས་སྐྱོབ་ཆོག་མཆན་ཐོབ་པའི་རོགས་སྐྱོབ་པ་ཚོར་ཆུ་དང་ཟ་མ་སོགས་བསྐྱལ་ནས་བསྡད་ཡོད་འདུག

གཞན་ཡང་། ཐེངས་འདིའི་ས་ཡོམ་གྱི་རྐྱེན་གྱིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཀླུ་གཉན་གསེར་མཚོ་དང་ནོར་གླིང་རྦབ་ཆུ་སོགས་ལ་གནོན་སྐྱོན་ཆེན་པོ་ཐེབས་ཡོད་འདུག་ལ། ཁ་སང་དགོང་མོར་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གི་གོ་ལའི་བརྙན་འཕྲིན་དྲ་བས་མཛེས་ལྗོངས་དེའི་ཀླུ་གཉན་གསེར་མཚོ་དང་ནོར་གླིང་རྦབ་ཆུ་གཉིས་མི་རིང་བར་སྐམ་འགྲོ་རྒྱུ་ཡིན་སྐོར་བསྒྲགས་སོང་།

ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་གི་གློག་བརྙན་གྲགས་ཅན་ཐིང་སིན་བླ་མའི་རྣམ་ཐར་(ནུབ་ཕྱོགས་སུ་སྐྱོད་པ)ཞེས་པའི་མུ་འབྲེལ་གློག་བརྙན་དེ་ཕབ་བསྐྲུན་བྱེད་སྐབས། ཐིང་སིན་བླ་མ་འཁོར་གཡོག་དང་བཅས་པ་རྦབ་ཆུ་དེའི་སྒང་ནས་ཕེབས་ཡོད་པས་འཛམ་གླིང་ནང་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད།

སྤྱིར་བཏང་གཟི་ཚ་སྡེ་དགུར་མུ་ཏིག་རྦབ་ཆུ་དང་། ཤུག་གཅོད་རྦབ་ཆུ། བྱི་ལ་རྦབ་ཆུ། ནོར་གླིང་རྦབ་ཆུ་སོགས་རྦབ་ཆུ་ཆེ་ཆུང་མི་འདྲ་བ་ ༡༧ ཡོད་ཅིང་། མི་རིང་བར་སྐམ་ཉེན་དུ་གྱུར་བའི་ནོར་གླིང་རྦབ་ཆུའི་ཞེང་ལ་སྨི་ ༢༧༠ དང་། མཐོ་ཚད་ལ་སྨི་༢༤.༥ ཡོད་ཅིང་། རྒྱ་ནག་གི་ཞེང་ཆེ་ཤོས་ཀྱི་རྦབ་ཆུ་ཡིན་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༡༡

Leave a Reply

One thought on “དམག་ལྭ་མ་གྱོན་ན་ས་ཡོམ་རོཊ་སྐྱོབ་བྱེད་མི་ཆོག

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཨོ་ཧོ། རྒྱ་ནག་གཞུང་གི་མི་མང་ལ་སེམས་ཁུར་བླངས་པ་དེ་ Drama མེད་ན་ནི་ གཏམ་བཟང་རེད་ཨ་གཉམ།