སྤྱི་ཚོཊ་བརྒྱུད་ལམ་ཆེ་གྲས་ལ་ཞིབ་བཤེར་བྱ་འཆར།

རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་ ༡༩ པ་མ་འཚོགས་གོང་དུ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་གྲས་ཚང་མར་ཞིབ་བཤེར་གྱིས་སྟངས་འཛིན་ནན་མོ་བྱ་འཆར་ཡོད་འདུག

་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གཞུང་གིས་རྒྱའི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་སྐད་འཕྲིན་(Wechat)དང་བི་པཱོ(Weibo)།  དེ་བཞིན་པའེ་ཏོའུ་(Baidu)བཅས་ཀྱི་ནང་གཞུང་གི་དྲ་རྒྱུའི་བདེ་འཇགས་སྒྲིག་ཁྲིམས་ལས་བརྒལ་ཏེ། རྒྱ་ནག་ནང་ཁྲིམས་མཐུན་མ་ཡིན་པའི་གནས་ཚུལ་རིགས་འདྲ་མིན་སྤེལ་གྱི་ཡོད་པར་བརྗོད་དེ། སྤྱི་ཚོགས་བརྒྱུད་ལམ་ཁག་དེ་དག་ལ་ཞིབ་བཤེར་ནན་མོ་བྱས་ཏེ་སྟངས་འཛིན་བྱ་འཆར་ཡོད་འདུག

རྒྱ་ནག་གཞུང་གི་གནོན་ཤུགས་འོག་སྤྱི་ཚོགས་བརྒྱུད་ལམ་ཆེ་ཁག་དེ་དག་གི་དྲ་བདག་ཚོར་རང་གི་ཁེ་ལས་དྲ་ཐོག་ཏུ་སྔར་ལས་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག་ལ། སྐད་འཕྲིན་དང་བི་པཱོ།  པའེ་ཏོའུ་བཅས་ནི་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ཁྲོད་ནས་བརྒྱུད་ལམ་ཁག་ཆེ་གྲས་ཆགས་ཡོད་སྟབས།  རྒྱ་ནག་ནང་བརྒྱུད་ལམ་ཁག་དེ་དག་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་མང་པོ་ཡོད་པ་རེད།

རྒྱ་ནག་དྲ་རྒྱ་དོ་དམ་ལས་ཁུངས་ཀྱིས་སྐད་འཕྲིན་དང་བི་པཱོ། པའེ་ཏོའུ་བཅས་ཀྱིས་སོ་སོའི་བརྒྱུད་ལམ་ཁག་སྟངས་འཛིན་བྱེད་མ་ཐུབ་པར་མི་མང་པོ་ཞིག་གིས་བརྒྱུད་ལམ་དེ་དག་གི་ནང་འཇིགས་སྐུལ་བ་དང་འབྲེལ་བའི་གནས་ཚུལ་དང་འཆལ་གཏམ།  ཁྲིམས་མཐུན་མིན་པའི་གནས་ཚུལ་སོགས་རྒྱུད་སྐུལ་བྱེད་ཀྱིན་ཡོད་སྟབས།  དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་འདུག ཅེས་བརྗོད་འདུག

རྒྱ་ནག་ནང་སྤྱི་ཚོགས་བརྒྱུད་ལམ་ཁག་བེད་སྤྱོད་གཏོང་མཁན་ཚོས་བརྒྱུད་ལམ་ཁག་ཏུ་བསམ་ཚུལ་དང་གནས་ཚུལ་རིགས་ག་རེ་སྤེལ་དགོས་མིན་གསལ་བོ་རྟོགས་ཀྱིན་ཡོད།  རྒྱུ་མཚན་ནི། དྲ་ལམ་བེད་སྤྱོད་གཏོང་མཁན་ཚོས་རང་གི་ཁ་པར་ཨང་གྲངས་བརྒྱུད་དེ་དྲ་ཐོག་ཐོ་འགོད་བྱས་ཡོད་སྟབས།  ཁོ་ཚོས་གནས་ཚུལ་ག་རེ་སྤེལ་ཀྱང་གཞུང་གིས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་རེད།   འོན་ཀྱང་།  མི་མང་པོ་ཞིག་གིས་གཞུང་ནས་དྲ་ལམ་སྟངས་འཛིན་ནན་མོ་བྱས་མིན་ལ་མ་ལྟོས་བར་མུ་མཐུད་གནས་ཚུལ་འདྲ་མིན་སྤེལ་མུས་ཡིན་སྟབས།   རྒྱ་ནག་གཞུང་གིས་འབྱུང་འགྱུར་ཏང་གི་ཚོགས་ཆེན་ ༡༩ པ་མ་འཚོགས་གོང་ནས་སྤྱི་ཚོགས་དྲ་ལམ་ཁག་ལ་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་མི་སྣ་གླེང་སློང་གི་དྲ་རྒྱ་ ༦༠ སྤྱི་ཚོགས་ཀྱི་ཀུན་སྤྱོད་བརླག་པའི་ཉེས་མིང་འོག་མཚན་གཅིག་གི་ནང་བཀག་སྡོམ་བྱས་ཏེ་སྒོ་བརྒྱབ་ཡོད་པ་དང་།  འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་ཁྲིམས་ཞིག་གཏན་འབེབས་བྱས་ཏེ་རྒྱ་ནག་ནང་བརྒྱུད་ལམ་ཁག་གཙོ་གཉེར་བྱེད་མཁན་ཚོས་ངེས་པར་དུ་དམར་ཤོག་ཚོགས་པ་རང་གིས་གོ་སྒྲིག་བྱས་བའི་རྩོམ་སྒྲིག་ལས་བྱེད་ཅིག་ཉེར་དགོས་ཡོད་པ་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ནང་གཞུང་གི་ཁ་གཏད་དུ་གྱུར་བའི་གནས་ཚུལ་ཚང་མ་བཀག་སྡོམ་བྱས་ཏེ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པ་མ་ཟད།   ཕྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཆེ་གྲས་ངོ་དེབ་དང་ཊོའུ་ཊར།  དེ་བཞིན་གྷོ་གྷལ་སོགས་དྲ་རྒྱའི་བརྒྱུད་ལམ་ཁང་ཚང་མ་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༨/༡༡

Leave a Reply

One thought on “སྤྱི་ཚོཊ་བརྒྱུད་ལམ་ཆེ་གྲས་ལ་ཞིབ་བཤེར་བྱ་འཆར།