ལྷོ་ཨ་ཧྥེ་རི་ཁའི་ནང་གི་མཛད་འཆར་ཕྱིར་འཐེན་གནང་།

སྐུའི་བླ་སྨན་པ་རྣམ་པས་༧གོང་ས་མཆོག་ནས་འབྱུང་འགྱུར་བདུན་ཕྲག་ཁ་ཤས་རིང་སྐུ་ངལ་གསོ་དགོས་སྐོར་ཞུས་པ་ལྟར་ལྷོ་ཨ་ཧྥེ་རི་ཁའི་མཛད་འཆར་རྣམས་ཕྱིར་འཐེན་གནང་ཡོད་འདུག
༧གོང་ས་མཆོག་གི་སྐུ་སྒེར་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ༧གོང་ས་མཆོག་གིས་ལྷོ་ཨ་ཧྥེ་རི་ཁའི་བྷོཏ་སོ་ཝ་ན་(Botswana)སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེན་ཁེ་མ་(Ian Khama)དང་། སེམས་དང་ཚེ་སྲོག་ཚོགས་པའི་ཚོགས་གཙོ་སུ་སན་བྷ་ཨུར་ཝུ་(Dr. Susan Bauer-Wu)ལགས་གཉིས་ལ། མགོན་པོ་གང་ཉིད་བྷོཏ་སོ་ཝ་ན་ལ་ཕེབས་མ་ཐུབ་པ་དེར་དགོངས་སེལ་གྱི་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག
དེ་ཡང་གསུང་འཕྲིན་ནང་། ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༠ བར་བྷོཏ་སོ་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་འཚོགས་འཆར་ཡོད་པའི་སེམས་དང་ཚེ་སྲོག་གི་ཚོགས་འདུའི་སྟེང་ཁོང་ཕེབས་འཆར་ཡོད་པ་དང་། དེ་བཞིན། ཁུལ་དེར་མཛད་འཆར་གཞན་ཡང་ཡོད་ཀྱང་། འདས་པའི་བདུན་ཕྲག་ཁ་ཤས་ནང་རྒྱ་གར་ནང་མུ་མཐུད་དེ་མཛད་འཕྲིན་སྣ་ཚོགས་བསྐྱངས་དང་སྐྱོང་མུས་ཡིན་སྟབས། ༧མགོན་པ་གང་ཉིད་ཅུང་ཟད་སྐུ་ལས་ཁག་ཡོད་པ་མ་ཟད། སྐུ་སྒེར་གྱི་ལྷ་རྗེ་རྣམ་པས་ཀྱང་སྐུ་ངལ་གསོ་དགོས་པ་ཞུས་ཡོད་པར་བརྟེན། འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་རིང་སྐུ་ངལ་གསོ་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཆིབས་ཞབས་བསྐྱང་རྒྱུ་ཡིན་སྐོར་བཀོད་འདུག
གསུང་འཕྲིན་ནང་། བྷོཏ་སོ་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེན་ཁེ་མ་ལགས་སུ། རྒྱ་ནག་གིས་ཁོང་གི་གཟིགས་སྐོར་ལ་ངོ་རྒོལ་བྱས་ཀྱང་། དེར་བརྩི་འཇོག་མ་གནང་བར་གཟིགས་སྐོར་དུ་གདན་འདྲེན་ཞུས་པར་སྙིང་ཐག་ནས་བཀའ་དྲིན་ཆེ་དང་རྗེས་སུ་ཡིད་རངས་ཡོད་ཀྱང་། ད་ལན་ཕེབས་མ་ཐུབ་པ་དེར་སྙིང་ཐག་ནས་དགོངས་སེལ་ཞུ་ཡི་ཡོད་སྐོར་གསུངས་ཡོད་འདུག
དེ་བཞིན། ཐེངས་འདིའི་སེམས་དང་ཚེ་སྲོག་གི་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཌོག་ཏར་སུ་སེན་བྷ་ཨུར་ཝུ་ལགས་སུ། བྷོཏ་སོ་ཝ་ནར་ཆིབས་སྒྱུར་བསྐྱང་སྟེ་སེམས་དང་ཚེ་སྲོག་གི་ཚོགས་འདུར་མཉམ་ཞུགས་གནང་བར་ཐུགས་འདོད་ཀྱང་། ཕེབས་མ་ཐུབ་པ་དེར་དགོངས་སེལ་ཞུ་ཡི་ཡོད་པ་མ་ཟད། ཁོང་མཉམ་ཞུགས་མ་ཐུབ་ཀྱང་བགྲོ་གླེང་ཚོགས་འདུ་དེ་མུ་མཐུད་ནས་གནང་སྟེ་མཇུག་སྐྱོང་དགོས་པའི་ཐུགས་རེ་གནང་ཡོད་འདུག
རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལུ་ཁང་(Lu Kang)གིས། བྷོཏ་སོ་ཝ་ན་སྤྱི་མཐུན་རྒྱལ་ཁབ་ལ་བོད་དང་འབྲེལ་བའི་གནད་དོན་ཐད་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། རྒྱ་ནག་གི་འདོད་དོན་ལ་སྙིང་ཐག་པ་ནས་གུས་བརྩི་ཞུ་དགོས་ཞེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་གནད་དོན་ཐད་ཐེ་གཏོགས་བྱེད་ཀྱི་མེད་སྟབས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་གནད་དོན་དང་འབྲེལ་ཡོད་ལ་ཐེ་གཏོགས་བྱས་ཏེ།  རྒྱ་ནག་གི་འདོད་དོན་ལ་གནོད་འཚེ་བྱས་ན་ནམ་ཡང་འགྲིག་ཐབས་མེད་སྐོར་ཉེན་བརྡ་བཏང་ཡོད་འདུག་
སྐབས་དེར་བྷོཏ་སོ་ཝ་ན་གཞུང་གིས་རྒྱ་ནག་ལ་༧གོང་ས་མཆོག་གི་གཟིགས་སྐོར་དེ་ནི་བྷོཏ་སོ་ཝ་ན་གཞུང་གིས་གདན་འདྲེན་ཞུས་པ་ཞིག་མིན། འོན་ཀྱང་། ༧གོང་ས་མཆོག་ཆིབས་སྒྱུར་གནང་སྐབས་བྷོཏ་སོ་ཝ་ན་གཞུང་ངོས་ནས་རྒྱལ་ཁབ་གཅིག་གི་ཕྱི་དྲིལ་མི་སྣ་ཞིག་ལ་གུས་བརྩི་དང་ཆེ་མཐོང་འབུལ་བ་བཞིན་གནང་རྒྱུ་ཡིན་ཚུལ་ལན་འདེབས་གནང་ཡོད་པ་རེད། 
༧གོང་ས་མཆོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་ཕེབས་མ་ཐུབ་པ་ནི་ད་རེས་ཐེངས་གསུམ་པ་དེ་ཆགས་ཡོད་འདུག རྒྱ་ནག་གི་གནོན་ཤུགས་འོག་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གི་ཆོས་གྲོགས་ཡེ་ཤུའི་བླ་དཔོན་ཊུ་ཊུ་(Tutu)མཆོག་དགུང་གྲངས་ ༨༠ ཕེབས་པའི་མཛད་སྒོར་ཕེབས་རྒྱུའི་མཐོང་ཆེན་སྤྲད་མེད་པ་དེ་ཐེངས་དང་པོ་དང་། ཐེངས་གཉིས་པ་ནི་ ༢༠༡༤ ལོར་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་ལུགས་མཇུག་བསྡུས་ནས་ལོ་ངོ་ ༢༠ འཁོར་བའི་མཛད་སྒོར་འཛམ་གླིང་གི་ནོར་བྷེལ་གཟེངས་རྟགས་བཞེས་མཁན་རྣམས་ལྷན་ཞུགས་ཀྱིས་བགྲོ་གླེང་ཚོགས་འདུར་ཐོངས་མཆན་ཕུལ་མེད་པ་རེད།
རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་བར་ཚོང་འབྲེལ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱལ་ཁབ་དེ་དག་ནང་ཚོང་གི་མ་རྩ་ཆེན་པོ་འཇོག་གི་ཡོད་འདུག ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་ཤོས་ནི་ད་ལྟ་དེང་དུས་ཀྱི་འཕྲུལ་ཆས་དང་ཤེས་ཡོན་གང་གི་ཆ་ཤས་ཀྱང་རྗེས་ལུས་ཡིན་པར་བརྟེན། རྒྱ་ནག་གིས་རྒྱལ་ཁབ་དེ་དག་གི་ནང་གཞུང་ལམ་དང་། ཆུ་མཛོད། ཆུ་གློག གནམ་ཐང་། དེ་བཞིན། སློབ་གྲྭ་སོགས་གསར་འཛུགས་བྱེད་པར་རོགས་རམ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།
 
 

བསྐྱར་བཅོས།: ༢༠༡༧/༠༨/༡༤

Leave a Reply