མི་འབོར་གྱི་ཆ་ནས་བཤད་ན་ང་ཚོ་བོད་པའི་ཡིག་སྒྱུར་གྱི་སྤུས་ཚད་དང་གྲངས་ཀ་སོཊ་རྩེ་གྲས་སུ་སླེབས་ཀྱི་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་སྐད་ཡིག་གཞན་ནས་ཡིག་སྒྱུར་གནང་ཕྱོགས་དང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་ཡིག་སྒྱུར་བ་མང་དག་ཅིག་ཡོང་གི་ཡོད་པ་རྣམས་ཀྱིས་གཟབ་ནན་དང་དོ་འཁུར་དགོས་པའི་གནད་དོན་ཁག་ཅིག་ཐོག་བཅར་འདྲི་ཞུས་ཡོད།

དྲི་བ།  བཙན་བྱོལ་ནང་གི་མི་རབས་དང་པོའི་ཁྲོད་ནས་སྐུ་ཉིད་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་ལོ་ཙཱ་བ་ཐོག་མའི་གྲས་རེད། ཁྱེད་རང་ཐོག་མར་ཡིག་སྒྱུར་གྱི་ལས་ལ་ཞུགས་པའི་བརྒྱུད་རིམ་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། ང་ལ་མཚོན་ན་ཡིག་སྒྱུར་གྱི་སྐོར་ལ་དམིགས་བསལ་ཆེད་སྦྱོང་སོགས་གང་ཡང་བྱས་མྱོང་ཡོད་པ་མ་རེད། སྤྱིར་བཏང་ང་རང་སྔོན་ཆད་མཚན་ཉིད་གྲྭ་ཚང་དུ་ཡོད་སྐབས་ལྷག་བསམ་བརྩེགས་པ་ཞེས་པའི་དུས་དེབ་ཞིག་བཏོན་པ་རེད། དུས་དེབ་དེ་ཐོག་མར་འདོན་སྤེལ་བྱེད་དུས་ང་རང་དེའི་གྲས་སུ་ཡོད་པ་དང་། དུས་དེབ་དེ་གཙོ་བོ་ཕྱིའི་རིག་གནས་བོད་ཡིག་ནང་དུ་སྒྱུར་དགོས་ཀྱི་འདུག་ཞེས་བཏོན་པ་ལྟར། དེ་ནས་བཟུང་འགྱུར་གྱི་སྐོར་ལ་དོ་སྣང་ཅུང་ཙམ་སྤྲད་ནས་ཆུང་ཙག་རིགས་དེ་དག་སྒྱུར་ཐབས་བྱས་པ་རེད། ཡིན་ནའང་། ཕྱིས་སུ་ཆུང་ཙག་རེ་བསྒྱུར་བ་མ་གཏོགས་གཞན་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་བསྡད་པས་སྒྱུར་གྱི་སྐོར་ལ་དོ་སྣང་ཆེན་པོ་གང་ཡང་བྱུང་ཡོད་པ་མ་རེད། ཡིན་ན་ཡང་། རྗེས་སུ་སྐུ་སྒེར་ཡིག་ཚང་ནས་༧གོང་ས་མཆོག་གི་གསུང་སྒྱུར་ལ་ཤོག་ཅེས་གསུངས་ཏེ་སོང་བ་རེད། སྐབས་དེ་དུས་སོ་སོར་ག་རེ་ཡོད་པ་དེ་བེད་སྤྱོད་གཏོང་དགོས་པ་ལྟར་སྐུ་མདུན་གྱི་གསུང་སྒྱུར་ལོ་བཅུ་དྲུག་ལྷག་ལ་བྱས་པ་རེད། རོགས་པ་ཚོ་དང་མཉམ་དུ་སྐུ་མདུན་གྱི་ཕྱག་དེབ་གསུམ་བཞི་ཞིག་བསྒྱུར་བ་རེད། དེའི་ཞོར་དུ་ཡིག་སྒྱུར་ཆུང་ཙག་རིགས་རེ་བྱས་ཡོད་པ་ལས་དེ་མིན་གཞན་དམིགས་བསལ་བ་གང་ཡང་མེད།

དྲི་བ། ཡིག་སྒྱུར་ཞེས་པའི་གཞུང་ལུགས་ཀྱི་ཚད་གཞི་དེ་ཅི་འདྲ་ཞིག་ཏུ་ངོས་འཛིན་དགོས་སམ།

ལན། ཡིག་སྒྱུར་གྱི་གཞུང་ལུགས་ཞེས་པའི་ཚད་གཞི་དེ་སྤྱིར་འཛམ་གླིང་ལ་མཚོན་ནས་བཤད་ན། ཡིག་སྒྱུར་ཞེས་པ་དེ་ས་ཆ་གང་དུ་ཡིན་ན་ཡང་ཡོད་བསྡད་པ་ཞིག་རེད། དཔེར་ན་ཡི་ཤེས་གསུང་རབ་རྙིང་པར་མཚོན་ན་ལོ་ངོ་ལྔ་སྟོང་གོང་ནས་སྐད་ཡིག་གཅིག་ནས་གཅིག་ལ་བསྒྱུར་བའི་ལོ་རྒྱུས་དེ་འདྲ་ཡོད་པ་རེད། ང་ཚོ་བོད་པའི་ཡིག་སྒྱུར་དེ་ཡང་སྔ་བོ་ཞིག་ནས་ཡོད་བསྡད་པ་ཞིག་དང་ཡིག་སྒྱུར་གྱི་སྤུས་ཚད་དང་གྲངས་ཀ་སོགས་མི་འབོར་གྱི་ཆ་ནས་བལྟས་པ་ཡིན་ན་བོད་པས་ཡིག་སྒྱུར་བྱས་པ་དེ་དག་རྩེ་གྲས་སུ་སླེབས་ཀྱི་ཡོད་འདུག དེ་དག་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཆགས་བསྡད་འདུག སྤྱིར་བོད་ཀྱི་ཆོས་རྒྱལ་རྣམ་པའི་སྐབས་ནས་རང་སྲོག་ལ་མ་འཛེམས་པར་ཡིག་སྒྱུར་ཆེད་དཀའ་ལས་བརྒྱབ་ནས་ཁྲི་སྲོང་ལྡེའུ་བཙན་ནས་ཡིག་སྒྱུར་གྱི་རྩ་དོན་མང་པོ་ཞིག་གཏན་ལ་ཕབ། ཡིག་སྒྱུར་སྐོར་ནས་སྒྱུར་སྟངས་དང་སྒྱུར་ལུགས་སོགས་རིག་པའི་གཞུང་ལུགས་ལྟ་བུ་ཞིག་གཏན་འབེབ་བྱས་ཡོད་པ་རེད། དེ་བཞིན་སྐད་གསར་བཅད་རིམ་པ་གསུམ་དང་དེ་བཞིན་སྒྲ་སྒྱུར་བམ་པོ་གཉིས་པ་ལ་སོགས་པ་གཏན་འབེབས་དང་། ཚིག་མཛོད་དཀར་ཆག་འཕང་ཐང་མ་དང་མཆིམས་ཕུ་མ་ལྟ་བུ་ཡིག་སྒྱུར་སྐོར་ནས་གཞུང་ལུགས་ཚད་དང་ལྡན་པ་ཞིག་གྲུབ་ཡོད་པ་རེད་ལ། ཡིག་སྒྱུར་གྱི་གཞི་འཇོག་ས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་གཞི་བཞག་ནས་བསྒྱུར་བ་མ་གཏོགས་གང་བྱུང་བྱས་ཏེ་བསྒྱུར་མེད་པས་ཡང་དག་པ་ཞིག་དང་རིག་པ་དང་ལྡན་པ་ཞིག་བསྒྱུར་ཐུབ་ཡོད་པ་རེད།

དྲི་བ། དེང་སང་བོད་ཕྱི་ནང་གཉིས་སུ་ཡིག་སྒྱུར་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་ཡོང་གི་ཡོད་པ་ལྟར། གནས་ཚུལ་དེ་རྩ་བའི་ཆ་ནས་ཡག་པོ་ཡིན་ཡང་། ཡིག་སྒྱུར་དེ་དག་ཁྲོད་ཀྱི་ཞན་ཆ་དང་། སྐྱོན་གནས་གང་དག་མཐོང་གི་འདུག  

ལན། སྤྱིར་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་ཡིག་སྒྱུར་བ་མང་པོ་ཞིག་ཡོང་བསྡད་པ་དེ་དགའ་བསུ་ཞུ་འོས་པ་ཞིག་རེད། ཤེས་བྱ་རིག་གནས་ག་འདྲ་ཞིག་ཡིན་ནའང་དེ་ལ་དོ་སྣང་དང་འབད་བརྩོན་བྱས་ཡོང་དུས་ཡག་པོ་ཞིག་མ་གཏོགས་སྡུག་ཅག་གང་ཡང་མ་རེད། ཡིག་སྒྱུར་གྱི་ལས་ཀ་བྱེད་མཁན་དག་གིས་ཀྱང་རིག་གནས་དེ་དགོས་མཁོ་ཞིག་ཏུ་མཐོང་ནས་བྱེད་ཡོང་བསྡད་པ་ཞིག་རེད། ཡིན་ན་ཡང་། ཡིག་སྒྱུར་ཟེར་དུས་གང་བྱུང་སྒྱུར་ཆོག་པ་ཞིག་མ་རེད། ལྷག་པར་དུ་གཞུང་ལུགས་ལྟ་བུ་ཞིག་སྒྱུར་བ་ཡིན་ན་དེ་ལས་སླ་བོས་གང་དྲན་སྒྱུར་ཆོག་པ་ཞིག་མ་རེད། སྒྱུར་པ་བོར་མཚོན་ན་སྒྱུར་བྱའི་མ་ཡིག་དང་སྒྱུར་སའི་སྐད་ཡིག་གཉིས་ཀར་ཚད་དང་ལྡན་པ་ཞིག་ཡོད་དགོས་པ་གལ་ཆེན་པོ་རེད། དེ་མིན་ཡིག་སྒྱུར་ཆུང་ཙག་རིགས་དཔེར་ན་ཚོང་ལས་དང་འགྲིམ་འགྲུལ་སྐོར་ལྟ་བུ་ཡིན་ན་ནོར་འཕྲུལ་རེ་ཤོར་བ་ཡིན་ནའང་གཞུང་ལུགས་ཆེན་པོ་དེ་འདྲ་མིན་དུས་སྐྱོན་ཆེན་པོ་དེ་ཙམ་ཡོད་པ་མ་རེད། ནང་ཆོས་ཀྱི་ལྟ་གྲུབ་དང་དེ་མིན་ནུབ་ཕྱོགས་པའི་ལྟ་གྲུབ་སོགས་སྒྱུར་བ་ཡིན་ན་གཏིང་ཟབ་མོ་ཡོད་དུས་ངོ་གདོང་ཙམ་ཞིག་ནས་སྒྱུར་བ་ཡིན་ན་གཏན་ནས་འགྲིག་གི་ཡོད་པ་མ་རེད། སྔ་མའི་གཞུང་ལུགས་སྒྱུར་མཁན་ཁག་གི་ནང་དུ་གོ་ལོག་བྱས་ཏེ་སྒྱུར་མཁན་བྱུང་ཡོད་པ་རེད། ནང་ཆོས་ལས་ “བྱང་ཕྱོགས་སོ་བདུན” ཞེས་པར་ཕྱི་རྒྱལ་བ་ཞིག་གིས་(thirty seven northern direction)ཞེས་གོ་བ་ལོག་སྒྱུར་བྱས་ཡོད་པ་རེད། དེ་ལྟ་བུ་མང་པོ་ཞིག་ཡོང་གི་འདུག ལྷག་པར་དུ་ཕྱི་རྒྱལ་བ་ཚོའི་ནང་དུ་དེ་ལྟ་བུའི་གོ་ལོག་སྒྱུར་མཁན་མང་པོ་འདུག  ཁོ་ཚོ་བོད་ནང་སོགས་སུ་སོང་ནས་དེབ་མཐུག་པོ་མཚོན་ལྡན་པར་རིས་ཅན་སོགས་སྤུས་ཚད་དང་ལྡན་པ་དེ་འདྲ་སྒྱུར་ཡོང་གི་འདུག  ནང་དོན་ག་འདྲ་སྒྱུར་བ་ཡིན་ཞེས་དྲིས་སྐབས་ཚིག་མཛོད་ལ་བལྟས་ནས་སྒྱུར་བ་ཡིན་ཟེར་མཁན་མང་པོ་འདུག དེ་ནས་གོ་ལོག་བྱས་སྒྱུར་བ་མང་དག་ཅིག་ཡོད་པ་རེད། དེ་དང་དེ་ལྟ་བུ་ལོག་སྒྱུར་བྱེད་བཞིན་པ་དེ་ཞན་ཆ་དང་སྐྱོན་ཆེ་ཤོས་ཤིག་རེད།

དྲི་བ། འགྱུར་གྱི་ཕྱོགས་ནས་ད་ལྟའི་ཆར་ང་ཚོར་བརྡ་ཆད་སོགས་གཏན་འབེབས་ཅི་ཡང་མེད་པས་མང་པོ་ཞིག་གིས་རང་གི་འདོད་པ་ལྟར་གང་བྱུང་སྒྱུར་ཡོང་གི་ཡོད་པས་སྣང་ཚུལ་འདི་མ་འོངས་པར་བོད་ཀྱི་སྐད་དང་ཡི་གེར་གནོད་པ་ཐེབས་བྱེད་ཅིག་ཏུ་མཐོང་གི་ཡོད་དམ།

ལན། སྔོན་ཆད་ཡིན་ན་ང་ཚོར་སྒྱུར་གྱི་ཕྱོགས་ནས་བརྡ་ཆད་སོགས་གཏན་འབེབས་བྱས་བཞག་པ་ཡོད་པ་རེད། དང་པོ་མ་སྒྱུར་སྔོན་ལ་སྒྱུར་ལུགས་སྒྱུར་སྟངས་འདི་འདྲ་ཞིག་ཡིན་ཞེས་འཆར་གཞི་འཐེན། དེ་ནས་སྒྱུར་ཚར་བའི་རྗེས་ལ་མཁས་པ་ཚོར་ཕུལ་ནས་ངག་ཐོག་ནས་གྲོས་སྡུར་བྱེད་བཅུག དེ་ནས་ཡར་རྒྱལ་པོར་སྙན་སང་ཞུས་ནས་སྒྱུར་དེ་འགྲེམས་སྤེལ་བྱེད་ཆོག་མིན་གྱི་བཀའ་འཁྲོལ་ཞུ་ཡི་ཡོད་པས་སྤུས་དག་ཡོང་གི་ཡོད་པ་རེད། ཡིན་ན་ཡང་། ད་ལྟའི་ཆར་ང་ཚོར་སོ་སོའི་ལུང་པའི་གནས་སྟངས་དང་འཛམ་གླིང་གི་འགྱུར་བའི་དབང་གིས་དེ་ལྟ་བུའི་བཀའ་བཏང་ནས་གཏན་འབེབས་ཡོང་གི་མེད་པ་རེད། ཕྱོགས་གཅིག་ནས་དེ་ཡང་མཐའ་གཅིག་ཏུ་སྐྱོན་ཆ་རེད་ཅེས་བཤད་མི་ཐུབ་པ་ཞིག་རེད། མང་པོ་ཞིག་གིས་སོ་སོའི་ཐད་ནས་ཐ་སྙད་མི་འདྲ་བ་མང་པོ་ཞིག་སྒྱུར་ཡོང་བ་ཡིན་ན་གཅིག་གིས་མི་ཤེས་པ་དེ་གཅིག་གིས་ཤེས་འགྲོ་བ་སོགས་བྱུང་གི་ཡོད་པ་རེད། དེ་བཞིན་དེབ་ཆུང་དེ་འདྲ་སྒྱུར་བ་ཡིན་ན་ནོར་འཁྲུལ་རེ་ཤོར་ན་ཡང་དཔེ་ཀློག་བྱེད་མཁན་སོགས་དེ་ཙམ་མེད་པས་སྐྱོན་ཆ་ཆེན་པོ་ཡོད་པ་མ་རེད། ཡིན་ན་ཡང་། སློབ་གྲྭ་ཁག་གི་སློབ་དེབ་ནང་དུ་བརྡ་དང་ཐ་སྙད་གང་བྱུང་མི་སྒྱུར་བ་དེ་གལ་ཆེན་རེད། དེ་ཚང་མ་བྱིས་པ་ཚོས་སྦྱོང་གི་ཡོད་པས་ཐ་སྙད་གང་བྱུང་བཀོལ་ན་གཅིག་གྱུར་མེད་པའི་ནོར་འཁྲུལ་ཡོང་གི་ཡོད་པ་རེད། གལ་ཆེ་ཤོས་ཤིག་ལ་ངས་བོད་ནང་གི་བོད་མི་ཚོའི་རྩོམ་ཡིག་དེ་འདྲ་བཀླགས་པ་ཡིན་མོད། ཁོ་ཚོས་རྩོམ་ཡིག་དང་ཡིག་སྒྱུར་སོགས་ག་རེ་བྱས་པ་ཡིན་ན་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ལ་བསམ་བློ་བཏང་ནས་འབྲི་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་འདུག དེ་དངོས་ནས་བདེན་པ་རེད་འདུག སོ་སོའི་ལུང་སྐད་ཙམ་ཞིག་བྲིས་མི་ཡོང་བར་སྤྱི་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་རེད། སྔོན་ཆད་ཡིན་ན། སྐད་གསར་བཅད་རིམ་པ་གསུམ་བྱས་ཏེ་དུས་ཀྱི་དབང་གིས་ཐ་སྙད་ཁ་ཤས་བརྡ་རྙིང་ཆགས་འགྲོ་ཡོད་པ་དང་ཁ་ཤས་བེད་སྤྱོད་དེ་ཙམ་མེད་པ། དེ་བཞིན་ཡི་གེ་ཟོལ་ཡང་དུ་བཏང་བ་སོགས་སྟབས་བདེ་རུ་དང་གོ་བདེ་རུ་བཏང་ནས་སྤུས་དག་ཏུ་བཏང་ཡོད་པ་དང། དེའི་དམིགས་ཡུལ་གཙོ་བོ་བོད་སྤྱི་ཡོངས་ཀྱིས་གོ་ཐུབ་པ་ཞིག་བྱེད་དགོས་པ་ཡིན་དུས། ད་ལྟ་ང་ཚོ་བོད་པའི་ནང་ཁུལ་དུ་སྐད་ཆའི་གདངས་ལ་མི་འདྲ་བའི་ཆ་ཅུང་ཙམ་ཡོད་ན་ཡང་། ཡི་གེའི་ལམ་ནས་ཚང་མས་གོ་ཐུབ་པ་དེ་ཡི་བཀའ་དྲིན་ཡིན་པས། མ་འོངས་པར་ང་ཚོས་དེ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་རེད་འདུག

དྲི་བ། སྤྱིར་ན་བོད་ཀྱི་རིག་གནས་ཕལ་ཆེ་བ་ཞིག་འགྱུར་ནས་ཡོང་བ་ཡིན་པས། མ་འོངས་པར་ང་ཚོས་མུ་མཐུད་གཞན་གྱི་རིག་གནས་ཚུར་སྒྱུར་དགོས་འདུག་གམ་ཡང་ན་ང་ཚོའི་ངོས་ནས་རིག་གནས་གསར་སྐྲུན་དང་འཕེལ་རྒྱས་གཏོང་དགོས་འདུག

ལན། དྲི་བ་དེ་གནད་འགག་ཆེན་པོ་ཞིག་མཐོང་སོང་། སྤྱིའི་ཆ་ནས་ཕྱོགས་གཉིས་ཀར་འབད་བརྩོན་བྱས་ཏེ་སྒྱུར་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ན་ཡང་། ང་ཚོས་དོ་སྣང་བྱ་དགོས་པ་ཞིག་ལ་གཞན་གྱི་རིག་གནས་ནས་བོད་ལ་དགོས་མཁོ་ཆེ་བ་ག་རེ་འདུག དེ་དག་ཚུར་ལེན་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། དེ་མིན་གང་བྱུང་མང་བྱུང་སྒྱུར་བསྡད་པ་ཡིན་ན་ཕན་ཐོགས་ཅི་ཡོད་པ་མ་རེད། དེ་བཞིན་བོད་རང་ལ་ཡོད་བསྡད་པའི་རིག་གནས་ནང་བསྟན་ཆོས་ལུགས་སོགས་ཧ་ཅང་ཟབ་ཅིང་རྒྱས་པ་རེད་དེ་ང་རང་ཚོས་ལྟ་ཐུབ་ཀྱི་མེད་པས། དེ་དག་དེང་རབས་དང་མཐུན་པ་བྱས་ནས་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་དེང་དུས་མི་དང་མཐུན་པའི་ལམ་ནས་བཟོ་དགོས་པ་དེ་གལ་ཆེན་པོ་རེད།

དྲི་བ། ད་ལྟའི་དུས་འདིར་བོད་པ་ཚོར་མཚོན་ན་རང་གི་རིག་གནས་ཀྱི་ངོ་བོ་མ་རྟོགས་པའི་དུས་ཚོད་ཅིག་ཆགས་འདུག་གམ་ཡང་ན་གཞན་གྱི་རིག་གནས་ལ་རྒྱུས་ལོན་མ་ཐུབ་པའི་དུས་ཤིག་རེད་འདུག

ལན། ད་ལྟའི་ཆར་ང་ཚོར་མཚོན་ན་གཉིས་ཀ་ཆགས་བསྡད་ཡོད་པ་ཞིག་རེད། བོད་ཀྱི་གནས་སྟངས་ཀྱི་ཆ་ནས་བོད་པ་ཚོས་རང་གི་རིག་གནས་ཀྱི་ངོ་བོ་མ་རྟོགས་པ་དང་རང་ཉིད་ཚོར་ཡོད་པའི་རིག་གནས་རིན་ཐང་ལྡན་པ་ཞིག་ཡོད་པ་དེ་མ་རྟོགས་པར་བརྟེན། དེ་ལ་སྦྱང་ན་སྙིང་པོ་མེད་པ་དང་མི་དགོས་པར་འདོད་མཁན་ཡོང་གི་ཡོད་པ་རེད། དེ་བཞིན་གཞན་གྱི་རིག་གནས་ལ་རྒྱུན་ལོན་མ་ཐུབ་པ་ཟེར་བ་དེ་གནད་འགག་ཆེན་པོ་ཅི་ཡོད་པ་མ་རེད། ཕྱོགས་གཅིག་ནས་ང་ཚོ་སྐྱབས་བཅོལ་གྱི་གནས་སྟངས་འོག་ན་ཡོད་དུས་ཕྱི་ལོག་ཏུ་ཡོང་ནས་དེ་ཙམ་ཞིག་ཕྱིན་མེད་པས་ཡིན་སྲིད་པ་རེད། ཡིན་ན་ཡང། གཞན་གྱི་རིག་གནས་སྦྱང་དགོས་ན་དེ་དག་རྩ་མེད་དང་ཉམས་ཆགས་སུ་འགྲོ་ཡི་མེད་དུས་གནད་འགག་གང་ཡང་མི་འདུག  འོན་ཀྱང་། ཕྱོགས་གཅིག་ནས་ང་ཚོའི་གནས་སྟངས་དེ་ཕྱི་ལོག་གི་དངོས་གཙོའི་ལྟ་གྲུབ་ལ་ཕྱོགས་པ་ཤུགས་ཆེ་རུ་འགྲོ་བཞིན་པས་རང་གི་རིག་གནས་སྣང་མེད་དུ་འགྱུར་བཞིན་ཡོད་པ་རེད། སྤྱིར་ཕྱི་ལོག་གི་རིག་གནས་ལེན་དགོས་པ་དང་རྒྱུས་ལོན་དགོས་པ་གལ་ཆེན་རེད་དེ་དང་པོ་སོ་སོའི་རིག་གནས་སྒང་ལ་ཡག་པོ་ཤེས་དགོས་པ་གཙོ་བོ་རེད།

དྲི་བ། སྐུ་ཉིད་ཀྱིས་བསམ་པར་བོད་ཀྱི་ཡིག་སྒྱུར་མཁན་ཚོས་དོ་སྣང་དང་གཟབ་ནན་བྱ་དགོས་པའི་གནད་དོན་གཙོ་ཤོས་དེ་གང་ཆགས་འདུག

ལན། ཡིག་སྒྱུར་མཁན་ཞིག་ལ་མཚོན་ན་དོ་སྣང་བྱ་དགོས་ས་གཙོ་བོ་གཅིག་དེ་དང་པོ་སྒྱུར་བྱའི་མ་ཡིག་དེ་ག་རེའི་སྐོར་ཡིན་པ་དང་། དེ་རིག་ཚན་ག་རེའི་ཁོངས་སུ་གཏོགས་ཀྱི་ཡོད་མེད། དཔེར་ན། དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ་གང་ཞིག་ཡིན་ཡང་དེའི་སྐོར་ལ་ཆེད་ལས་རང་བཞིན་གྱི་ངོས་ནས་སྒྱུར་ཐུབ་ན་ཡག་པོ་འདུག  གསར་འགྱུར་ལྟ་བུ་དག་ལ་དེ་འདྲ་ཟེར་རྒྱུ་ཡོད་པ་མ་རེད་མ་གཏོགས་གཞུང་ལུགས་ཁག་ལ་མཚོན་ན་གང་བྱུང་སྒྱུར་ཡོང་བ་མ་ཡིན་པར། སྒྱུར་བྱའི་རིག་ཚན་དེར་ཆེད་ལས་ཀྱི་ངོས་ནས་སྒྱུར་དགོས་པ་དེ་གལ་ཆེན་པོ་རེད། སྔོན་གྱི་བོད་པའི་ཡིག་སྒྱུར་མཁན་ཚོར་མཚོན་ན་ཡིག་སྒྱུར་བྱས་པ་མ་ཟད་ཁོ་རང་ཚོ་རིག་གནས་དེའི་སྒང་ལ་སློབ་དཔོན་ཆགས་བསྡད་ཡོད་པ་རྐྱང་རྐྱང་རེད། ཡིག་སྒྱུར་མཁན་ཞིག་ལ་མཚོན་ན་སྒྱུར་བྱའི་རིག་གནས་དེར་གནས་ཚད་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། ནུབ་ཕྱོགས་པར་མཚོན་ན་དེ་ག་རང་ཡིན་པ་རེད། གལ་ཏེ་ཁོ་རང་ཁྲིམས་ཀྱི་སྐོར་ནས་ཡིག་སྒྱུར་བྱེད་མཁན་ཞིག་ཡིན་ན་ཁོ་ལ་ཁྲིམས་དཔོན་ཞིག་གི་གནས་ཚད་དང་མཉམ་པའི་ཡོན་ཏན་དགོས་པར་བཤད་ཀྱི་ཡོད་པ་རེད། འགྱུར་ཡག་པོ་ཞིག་ཡོང་དགོས་ན་ངེས་པར་དུ་་རིག་གནས་གང་དེར་ཆེད་ལས་ལྟ་བུ་ཞིག་ཡིན་དགོས་འདུག དེ་ནས་ང་ཚོས་དོ་སྣང་བྱ་དགོས་ས་གཞན་ཞིག་ལ་ཡིག་སྒྱུར་མཁན་ཞིག་ལ་མཚོན་ན་སྐད་ཡིག་གཉིས་ལ་བྱང་ཆུབ་པ་ཞིག་དགོས་པ་དེ་གནད་འགག་ཆགས་བསྡད་ཡོད་པ་རེད། སྒྱུར་བྱའི་མ་ཡིག་ཡག་པོ་ཞིག་མ་ཤེས་ན་གོ་བ་ལོག་སྒྱུར་དུ་འགྲོ་ཉེན་ཡོད་པ་རེད་ལ། སྒྱུར་སའི་སྐད་ཡིག་ཡག་པོ་མེད་པ་ཡིན་ན་རང་གི་སྐད་ཡིག་ནང་དུ་ཐ་སྙད་ཡོད་བཞིན་དུ་གང་བྱུང་བྲིས་ཡོང་ན་དེ་ནོར་འཁྲུལ་ཆགས་ཡོང་གི་ཡོད་པ་རེད། ཡིག་སྒྱུར་མཁན་ཚོར་མཚོན་ན་དོ་སྣང་སྤྲོད་དགོས་ས་གཙོ་བོ་ཞིག་དེ་དག་རེད་འདུག

དྲི་བ། འགྱུར་ལ་ཞུ་དག་བྱེད་སྟངས་ག་འདྲ་ཡིན་ནམ་བོད་ཀྱི་ལོ་ཙཱ་བ་ཚོས་འགྱུར་ལ་ཞུ་དག་བྱེད་སྟངས་དེ་འདྲ་གསུངས་ཡོད་པ་རེད་དམ།

ལན། ཞུ་དག་བྱེད་སྟངས་དེ་བོད་ལ་མཚོན་ན་སྔོན་ཆད་ལོ་ཆུང་དང་བར་ཞུ། ལོ་ཆེན་ཞེས་རིམ་པ་གསུམ་ཞིག་བརྒྱུད་ཀྱི་ཡོད་པ་རེད། ལོ་ཆུང་ལ་མཚོན་ན་གང་ལ་གང་འཚམ་སྒྱུར་ཐུབ་མཁན་ཞིག་དང་། དེའི་རྗེས་བར་ཞུ་ལོ་ཙཱ་བ་དེ་ལ་ཞུ་དག་ཡག་པོ་ཞིག་བཏང་དགོས་ཀྱི་ཡོད་པ་རེད། མཐའ་མ་ལོ་ཆེན་ལ་སླེབས་པ་དང་གཅིག་གཅིག་གཉིས་གཉིས་བྱས་ནས་ལྟ་མི་དགོས་པར་རག་ལྟ་བྱས་ཏེ་གནད་འགག་ཆེན་པོ་དག་ལ་བལྟས་ནས་ཞུ་དག་གི་འགྲོ་སྟངས་ཤིག་ཡོད་པ་རེད། དེ་མ་ཡིན་པ་གཞན་ཞིག་ཡིག་སྒྱུར་སྐབས་སུ་མི་གཉིས་མཉམ་འབྲེལ་བྱས་ཏེ། དཔེར་ན། དབྱིན་ཇི་ནས་སྒྱུར་གྱི་ཡོད་ན་དབྱིན་ཇི་བ་ཞིག་ལ་རོགས་པ་བྱེད་བཅུག་ནས་རང་གིས་གོ་བ་ལེན་སྟངས་དང་སྒྱུར་སྟངས་དྲིས་པ་ཡིན་ན། སོ་སོ་སྐད་ཡིག་གཞན་པ་དེ་ལ་དེ་ཙམ་ཡག་པོ་མེད་ཀྱང་སྒྱུར་ཐུབ་ཀྱི་ཡོད་པ་རེད། ང་ཚོ་བོད་པའི་བཀའ་བསྟན་འགྱུར་ཁག་སྒྱུར་དུས་ཆ་ཚང་དེ་འདྲ་བྱས་ནས་བསྒྱུར་ཡོད་པ་རེད། རྒྱ་གར་གྱི་མཁས་པ་ཞིག་དང་བོད་ཀྱི་ལོ་ཙྭ་བ་ཞིག་གིས་བསྒྱུར་ནས་གཏན་ལ་ཕབ་བོ་ཞེས་བྲིས་པ་མང་པོ་ཡོད་པ་རེད། གཞན་དེ་མ་ཡིག་ལ་ཡག་པོ་ཡོད་པ་དང་རང་ཉིད་སྒྱུར་སའི་སྐད་ཡིག་ཡག་པོ་ཡོད་པ་ཡིན་ན་ཕན་ཚུན་ཟུང་འབྲེལ་བྱས་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། དེ་བཞིན་གཞན་ཞིག་ལ་དང་པོ་རང་གིས་ག་རེ་སྒྱུར་གྱི་ཡོད་ན་དེ་ཀློག་ནས་རག་རིམ་ཞིག་གམ་སྤྱིའི་གོ་བ་ལོན་པ་བྱས། དེ་ནས་བསྐྱར་དུ་བྱེ་བྲག་ལ་བབ་ནས་རེ་རེ་བཞིན་ཀློག་ན་མ་ཡིག་ལ་གོ་བ་ལེན་ཐུབ་པར་ཕན་ཐོགས་ཡོད་པ་རེད། མ་གཞི་སྐད་ཡིག་གཅིག་ལ་ཡག་པོ་ཡོད་ན་གཞན་གྱི་རོགས་པ་བྱས་ཏེ་སྐད་ཡིག་གཞན་ནས་སྒྱུར་བཞག་པ་དེ་འདྲ་དེང་སང་མང་པོ་ཡོད་པ་རེད། གང་ལྟར་འགྱུར་ལ་ཞུ་དག་བྱེད་སྟངས་དེ་འདྲ་མང་པོ་ཡོད་པ་རེད།

དྲི་བ། ད་ལྟ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་ཁ་ཚ་དགོས་གཏུགས་ཀྱིས་སྒྱུར་དགོས་པའི་གནད་དོན་དེ་ག་རེ་ཕྱོགས་ནས་རེད།

ལན། གཙོ་བོ་ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ཤེས་ཡོན་སྐོར་དང་འཕྲོད་བསྟེན་སོགས་ཀྱི་སྐོར་དེ་གལ་ཆེན་པོ་ཆགས་འདུག་བསམ་ཡོད། དེ་བཞིན་ད་ལྟའི་ང་རང་ཚོའི་གནས་སྟངས་ལ་དཔག་པའི་འཐབ་རྩོད་ཀྱི་སྐོར། དཔེར་ན། རང་དབང་དང་རང་བཙན་ཞེས་པ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཚད་གཞི་དེ་ཅི་ལྟ་བུ་ཞིག་ཡིན་པ་དང་། ཚད་གཞི་དེ་དག་ཤེས་པའི་ཐོག་ནས་ཡུལ་མིའི་ཁྲིམས་ལུགས་ནང་དུ་ང་རང་ཚོ་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་སྐད་འབོད་དང་ངོ་རྒོལ་བྱེད་པའི་ཐོབ་ཐང་ག་ཚོད་བར་དུ་འདུག་སོགས་ཤེས་དགོས་པ་གལ་ཆེན་རེད། ངས་བསམ་ན་ང་ཚོར་ཁ་ཚ་དགོས་གཏུགས་ཀྱིས་དགོས་མཁོ་ཆེ་བ་དེ་དག་རེད་བསམ་ཡོད། དེའི་རིགས་ཤེས་པ་ཡིན་ན་ང་རང་ཚོའི་ད་ལྟའི་གནས་སྟངས་དང་འཚམ་པ་དང་ཡུལ་ཁྲིམས་སོགས་ཧ་གོ་བ་ཡིན་ན་ཁྲིམས་ཐོག་ནས་བྱ་རྒྱུ་མང་པོ་ཡོད་པ་རེད། དེ་དག་ནི་རང་ཚོད་དུ་སྐད་བརྒྱབ་པ་མ་ཡིན་པར་དཀའ་ངལ་ཞིག་འཕྲད་ཡོང་དུས་ཐབས་ཤེས་ཡོད་པ་ཞིག་ཡིན་པ་རེད། གཙོ་བོ་ད་ལྟའི་གནས་སྟངས་ལ་དཔག་པའི་སྐོར་ནས་སྒྱུར་དགོས་པ་གལ་ཆེན་པོ་རེད་འདུག

དྲི་བ། དེ་རིང་ཁ་སང་བོད་ཀྱི་གསར་ཁང་དག་ཀྱང་སྔོན་ཆད་ལས་ཁ་ཕྱོགས་ཅུང་ཙམ་འགྱུར་ནས་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་དང་སྲིད་དོན་གསར་འགྱུར་མང་པོ་སྒྱུར་བཞིན་པ་འདི་ལ་དགེ་སྐྱོན་ག་རེ་མཐོང་གི་ཡོད།

ལན། རྒྱལ་སྤྱི་ལ་ཁ་ཕྱོགས་པ་འདིར་སྐྱོན་ཆེན་པོ་མཐོང་གི་མི་འདུག ད་ལྟའི་ཆར་ང་རང་ཚོར་གསར་འགྱུར་རིགས་རྒྱལ་སྤྱི་དང་བསྡུར་ན་ཉུང་ཉུང་ཡིན་པ་དང་། རྒྱལ་སྤྱིའི་གནས་ཚུལ་དེ་དག་ཤེས་དགོས་པ་གལ་ཆེན་པོ་རེད། རྒྱལ་བ་རིན་པོ་ཆེས་རྒྱལ་སྤྱིའི་སྒང་ལ་མཛད་འཕྲིན་ག་འདྲ་སྐྱོང་གི་འདུག དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་དེ་དག་ཤེས་དགོས་པ་གལ་ཆེན་རེད། ཡིན་ན་ཡང་། གོང་དུ་བརྗོད་པ་བཞིན་གསར་འགྱུར་ལ་ཡང་གང་བྱུང་ང་རང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་དེ་སྒྱུར་བསྡད་ན་དགོས་པ་ཅི་མཐོང་མ་སོང་། སྤྱིར་བོད་ཡིག་ཀློག་པ་པོ་ཚོར་གལ་ཆེན་པོ་ཆགས་ཡོད་པ་རེད་དེ་ག་རེ་ཡིན་ནའང་ང་རང་ཚོ་དང་ཅུང་ཙམ་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་ན་ཡག་པོ་ཡོད་པ་རེད། ལྷག་ཏུ་ང་ཚོའི་བསམ་བློ་གཏོང་ཕྱོགས་ལྟར་ཞིབ་མཇུག་རང་བཞིན་གྱི་གསར་འགྱུར་དེ་འདྲ་སྤེལ་ཐུབ་ན་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག གང་ལྟར་མདོ་དོན་ག་རེ་ཞུ་ཡི་ཡོད་ལབ་ན་ང་རང་ཚོའི་གནས་སྟངས་མཚོན་པའི་ག་རེ་དགོས་འདུག  འཐབ་རྩོད་དང་འབྲེལ་བའི་གནད་འགག་ཆེན་པོ་ག་རེ་དགོས་པ་དེ་ལེན་རྒྱུ་གལ་ཆེན་རེད།

གསར་འགོད་པ། སངསང་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༤

Leave a Reply