བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད

དེ་རིང་ཉིན་གུང་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་གཞུང་མང་གཉིས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་སོང་།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༤༤ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་གཙོས་པའི་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ཧི་མ་ཅལ་གྷ་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༠ བར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྷོ་ཨ་ཧྥེ་རི་ཁའི་བྷོཏ་སོ་ཝ་ན་ (Botswana) སྤྱི་མཐུན་རྒྱལ་ཁབ་ནང་འཚོགས་འཆར་ཡོད་པའི་སེམས་དང་ཚེ་སྲོག་གི་ཚོགས་འདུའི་ཚོགས་མགོན་དུ་ཕེབས་འཆར་ཡོད་ཀྱང་། ཁོང་ཉིད་ཕྱི་ཟླ་ ༧ ཚེས་ ༦ ནས་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་རིམ་པར་བསྐྱངས་གྲུབ་རྗེས། ༧མགོན་པོ་གང་ཉིད་ལ་སྐུ་ལས་ཅུང་ཟད་ཁག་ཡོད་སྟབས། སྐུ་སྒེར་གྱི་ལྷ་རྗེ་རྣམ་པས་ཀྱང་སྐུ་ངལ་གསོ་དགོས་པ་ཞུས་པ་བརྒྱུད། ལྷོ་ཨ་ཧྥེ་རི་ཁའི་མཛད་འཆར་རྣམས་ཕྱིར་འཐེན་གནང་སྟེ། བཞུགས་སྒར་ཕོ་བྲང་དུ་འབྱུང་འགྱུར་བདུན་ཕྲག་ཁ་ཤས་རིང་སྐུ་ངལ་གསོ་འཆར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༡༥

Leave a Reply

2 thoughts on “བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད