ཆུ་ལོག་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས།

བལ་ཡུལ་གྱི་རྫོང་ཁག་མང་པོའི་ནང་ཆུ་ལོག་རི་སྙིལ་བྱུང་སྟེ་ཉུང་མཐར་མི་གྲངས་ ༩༡ རྐྱེན་འདས་དང་། སྡོད་ཁང་ ༢༨༤༧ བརྒལ་བར་གནོད་སྐྱོན་ཐེབས་ཡོད་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ལྔའི་གོང་ནས་བལ་ཡུལ་དུ་ཆར་པ་ཤུགས་ཆེན་བབས་པར་བརྟེན། རཱཕ་ཏི་(Rapti)གཙང་པོ་དང་རྒྱུག་ཆུ་རྣམས་རྒྱས་ཤིང་ལུད་དེ་ཆུ་ལོག་རྒྱུག་ཡོད་པ་དང་། བལ་ཡུལ་གྱི་ས་གནས་མང་པོར་ཆུ་ལོག་དང་ས་རུད་རི་སྙིལ་བྱུང་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་འབྱུང་བཞིན་ཡོད་འདུག

བལ་ཡུལ་གྱི་མྱུར་སྐྱོབ་ཚོགས་པས་བརྗོད་པ་ལྟར་ན། བལ་ཡུལ་གྱི་རྫོང་ ༧༥ ལས་རྫོང་ ༢༦ གྱི་ནང་ཆུ་ལོག་རྒྱུག་དང་རྒྱུག་བཞིན་ཡོད་པ་དང་། ས་དང་རི་སྙིལ་གྱིས་རྐྱེན་པའི་བལ་ཡུལ་མི་མང་ལ་གནད་སྐྱོན་ཚབས་ཆེན་ཕོག་སྟེ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

བལ་ཡུལ་གཞུང་གིས། ད་ལྟ་ཆུ་ལོག་དང་རི་སྙིལ་གྱི་དོན་རྐྱེན་བྱུང་སར་མྱུར་སྐྱོབ་དམག་མི་ ༢༦༧༠༠ ལྷག་དང་། གནམ་གྲུ་ ༡༣། གྲུ་ཆུང་བཅས་ཆེད་གཏོང་བྱས་ཏེ་མྱུར་སྐྱོབ་དང་རྨས་མ་དབོར་འདྲེན། གནོད་ཐེབས་མི་མང་ལ་ལྟོ་གོས་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་དང་། ད་ལྟའི་བར་རང་བྱུང་གི་གནོད་འཚེ་དེའི་ཁྲོད་ཁང་པ་ ༢༨༤༧ ཙམ་ལ་གཏོར་སྐྱོན་ཐེབས་ཏེ་མི་གྲངས་ས་ཡ་ ༦ ལྷག་གི་འཚོ་བར་གནོད་སྐྱོན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་ཡོད་པ་དང་།  ད་དུང་མིའི་ཚེ་སྲོག་དང་རྒྱུ་དངོས་སོགས་ལ་གནོད་སྐྱོན་ཇི་ཙམ་བྱུང་ཡོད་མེད་ཤེས་རྟོགས་སླད་ཞིབ་འཇུག་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་དགོང་དྲོའི་བར་དོན་རྐྱེན་དེའི་ཁྲོད་ནས་མི་གྲངས་ ༩༡ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༣༡ གར་སོང་ཆ་མེད་དི་གྱུར། མི་མང་པོ་ཞིག་གིས་གནོད་འཚེ་དེའི་འཇིགས་སྣང་ལས་ཐར་ཐབས་སུ་ས་ཆ་གཞན་དུ་གནས་སྐབས་རིང་གནས་སྤོར་བྱས་དང་བྱེད་བཞིན་ཡོད་སྟབས། ད་ལྟ་ཁོང་ཚོར་ཟས་གོས་སྡོད་གནས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

རཱཕ་ཏི་གཙང་པོ་རྒྱས་པའི་གནོད་སྐྱོན་གྱིས་ཅིཏ་ཝན་(Chitwan)ཞེས་པར་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པའི་སྐད་གྲགས་ཅན་གྱི་མགྲོན་ཁང་རྣམས་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། དེ་བཞིན། ཅིཏ་ཝན་གྱི་རྒྱལ་ཡོངས་སྤྱི་གླིང་(National Park)གི་ཆ་ཤས་ཡིིན་པའི་སཱུ་ར་ཧན་(Sauraha)ཞེས་པའི་ས་གནས་སུ་གནས་སྡོད་བྱེད་མཁན་མི་མང་རྣམས་ད་ལྟ་ཅི་བྱ་གཏོལ་མེད་དུ་ལུས་ཡོད་པ་དང་། དེའི་ཁྲོད་དུ་རྒྱ་གར་གྱི་མི་སེར་ ༣༥ ཡོད་པ་རྣམས་བལ་ཡུལ་མྱུར་སྐྱོབ་ཚོགས་པས་ས་ཆ་གཞན་ཞིག་ཏུ་ཉིན་ཤས་གོང་ནས་བསྐྱལ་ཟིན་པ་རྒྱ་གར་དོན་གཅོད་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།

 

 གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༡༦

Leave a Reply

3 thoughts on “ཆུ་ལོག་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས།

  1. བོད་ཡོནཏན་

    ཏག་ཏག་རེད་་་་དེ་མ་ཁུག་ནས་སྒུགས་བསྡད་རེད་ ་བོད་མི་སྐྱབས་བཅོལ་དེ་ཚོ་རྡུང་རྡུང་ནས་ ་ལས་རྒྱུ་འབྲས་ཆུད་མི་ཟ་བ་གདོན་མི་ཟ་བའོ།

    1. བོད་མི་སྐྱབས་བཅོལ་པ་མང་པོ་ཞིག་མི་ཡུལ་ཡིན་ཀྱང་རང་ཡུལ་ཡིན་མདོག་སྤོ་བ་ཆེན་པོ་བྱས་ན་སྡོད་ས་གཅིག་བལ་ཡུལ་རེད་ད།
      རྒྱལ་ཁབ་ཀྱི་གལ་ཆེའི་གནད་དོན་ལ་བསམ་ནས་སྐད་འབོད་ལྷོད་ལྷོད་རྒྱག་ཅུག་མཁན་རྒྱལ་ཁབ་གཅིག་ངས་མཐོང་མ་སོང་། ཚང་མ་དེ་མ་ཐག་ཉེན་རྟོག་རུ་ཁག་གཏོང་མཁན་ཀྱང་ཀྱང་རེད་ཁོ།

  2. གཞུང་པ་ཚེ་དབང་བསོད་ནམས་

    འཇིག་རྟེན་མུན་པའི་མཚོ་གླིང་དུ་།
    འཇིག་རྟེན་བདེ་སྐྱིད་གང་ན་ཡོད་།
    འཇིག་རྟེན་མི་གི་བྱེད་ལས་འོག་།
    འཇིག་རྟེན་ཧྲིལ་པོ་ཉེན་ཁར་ཚུད་།

    འཇིག་རྟེན་ཧྲིལ་པོ་འབྱུང་བཞིའི་འོག་ཏུ་འཚོ་།
    འབྱུང་བཞི་འཁྲུགས་པས་འཇིག་རྟེན་གཡོ་འགུལ་མང་།
    བྱེད་ལས་ཐམས་ཅད་ཧམ་ཆེན་མི་གི་བཟོས་།
    ད་དུང་འབྱུང་བ་བཞི་ལ་སྨོད་འཆོལ་འདེབས་།
    ཧཧཧའཇིག་རྟེན་མི་གི་ལས་ངན་་་་་་་་་་་་་་