མི་༤༠༠ མ་ཟིན་ཙམ་གྱི་ཚེ་སྲོག་འཕྲོག

ཨ་ཧྥེ་རི་ཁའི་རྒྱལ་ཁབ་སི་རཱ་ལུའོ་ནཱེའི་རྒྱལ་ས་ཧྥི་རེ་ཊོན་ལ་ཆུ་ལོག་ས་རུད་བྱུང་སྟེ་མི་གྲངས་ ༤༠༠ མ་ཟིན་ཙམ་རྐྱེན་འདས་དང་མི་ ༦༠༠ གར་ཡོད་ཅི་བྱུང་མེད་པར་གྱུར།

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ལོ་ལྟར་ཆར་དུས་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ནང་ནམ་དུས་ཡག་ཤོས་སུ་བརྩི་བཞིན་ཡོད་ཀྱང་། ད་ལོ་ནུབ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སི་རཱ་ལུའོ་ནཱེ་(Sierra Leone)ཞེས་བར་ཆར་བ་དྲག་པོ་བབས་ཏེ།  ཟླ་འདིའི་ཚེས་ ༡༤ ཉིན་རྒྱལ་ཁབ་དེའི་རྒྱལ་ས་ཧྥི་རེ་ཊོན་(Freetown)ཞེས་བར་ཆུ་ལོག་དང་འདམ་རུད་རྒྱུགས་ཏེ་མི་ ༤༠༠ མ་ཟིན་ཙམ་ཞིག་འདས་གྲོངས་དང་།  མི་ ༦༠༠ ལྷག་བོར་བརླག་ཏུ་ཕྱིན་ཡོད་འདུག

སི་རཱ་ལུའོ་ནཱེའི་སྲིད་འཛིན་ཨར་ནཱས་ཊི་ཀོ་རོ་མཱ་(Ernest Bai koroma)ལགས་ཀྱིས། འདམ་རུད་དང་ཆུ་ལོག་གིས་གྲོང་ཁྱེར་ཡོངས་རྫོགས་ལ་གནོད་སྐྱོན་ཐེབས་ཡོད་སྟབས།  ང་ཚོར་ཛ་དྲག་རོགས་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རཱ་ལུའོ་ནཱེའི་གོད་ཆག་ཆེད་མྱུར་སྐྱོབ་རོགས་སྐྱོར་ཚན་པ་ཞིག་བཏང་ཡོད་འདུག་ལ།  ཉེན་སྐྱོབ་པ་ཨ་བྷོ་བྷ་ཁར་ལགས་ཀྱིས་མི་མང་པོ་ཞིག་ད་དུང་བོར་བརླག་ཏུ་ཕྱིན་ཡོད་སྟབས། གོད་ཆག་འདིའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་མིའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བརྗོད་ཡོད།

སི་རཱ་ལུའོ་ནཱེའི་གཞུང་ལྟར་ན།  རྒྱལ་ས་ཧྥི་རེ་ཊོན་དུ་མི་མང་ས་ཡ་གཅིག་ལྷག་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་།  བདུན་འདིའི་ནང་ས་ཁུལ་དེར་ཆར་བ་ཤུགས་ཆེན་བབས་སྟབས།  ཆུ་ལོག་གིས་(Mount Sugarloaf)ཞེས་བའི་རི་ཞིག་ས་ལེའུ་དབར་ ༥ བར་འདེད་དེ་རི་འདབས་ཀྱི་ཧྥི་རེ་ཊོན་གྲོང་ཁྱེར་ཡོངས་རྫོགས་ལ་གནོད་སྐྱོན་བཏང་ཡོད་པ་དང་།  གོད་ཆག་འདིའི་ཁྲོད་མི་ ༢༠༠༠ ནས་ ༣༠༠༠ བར་གྱི་སྡོད་གནས་མེད་པ་བཟོས་ཡོད་སྟབས།   སི་རཱ་ལུའོ་ནཱེའི་(Charity world Vision)ཐེབས་རྩ་ཁང་གི་འགན་སྐུ་ཞབས་ཇམ་སི་ཆི་ཧྥི་ཝོ་(James Chifwelu)ལགས་ཀྱིས།   ངས་གོད་ཆག་བྱུང་སའི་ཡུལ་དངོས་མཐོང་སྐབས།  སེམས་པ་ཧ་ཅང་སྐྱོ་བྱུང་།  རྒྱུ་མཚན་ནི་ཐེངས་འདིའི་གོད་ཆག་ཁྲོད་མི་མང་པོ་ཞིག་གིས་སོ་སོའི་ཕ་མ་སྤུན་མཆེད་སོགས་བློ་ཐག་ཉེ་བའི་མིའི་ཚེ་སྲོག་ཤོར་ཡོད་སྟབས།  ས་ཁུལ་དེར་ངུ་ངག་དང་མྱ་ངན་བྱེད་མཁན་གྱིས་ཁེངས་འདུག་ཅེས་དང་།  ཁོང་གིས་མུ་མཐུད་དུ།  ང་འདམ་རུད་རྒྱུགས་ཏེ་ཚེ་སྲོག་མང་པོ་ཁྱེར་སོང་བར་བློ་ཕམ་བྱུང་ཡོད་ཀྱང་།  གོད་ཆག་འདིའི་ཁྲོད་གཉིད་ལ་ཤོར་བའི་སློབ་ཕྲུག་མང་པོ་ཞིག་སློབ་གྲྭའི་སྒྲིག་ཆས་དང་ལྷན་དུ་ཚེ་སྲོག་ཤོར་ཡོད་པ་དེར་དེ་བས་ཀྱང་བློ་ཕམ་སྐྱེས་ཡོད།  རྒྱུ་མཚན་ནི།  གོད་ཆག་འདིས་མི་མང་པོ་ཞིག་གི་ཁང་ཁྱིམ་མེདཔ་བཟོས་ཡོད་ལ།  བྱིས་པ་མང་པོ་ཞིག་དྭ་ཕྲུག་ཏུ་གྱུར་ཡོད་སྟབས།  ད་ལྟ་ཁོ་ཚོར་སྡོད་གནས་དང་ཁ་ལག་གི་མཐུན་རྐྱེན་བསྐྲུན་རྒྱུ་ནི་གལ་གནད་དུ་མཐོང་། ཞེས་སོགས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༨/༡༦

Leave a Reply

One thought on “མི་༤༠༠ མ་ཟིན་ཙམ་གྱི་ཚེ་སྲོག་འཕྲོག