འཇིགས་སྐུལ་བས་ཊི་རུམ་ཕིར་འཕྲིན་ཡིག་བཏང་།

ཐཱ་ལི་བྷན་གྱིས་ཨ་རིའི་སྲིད་འཛིན་ཊི་རུམ་ཕིར་འཕྲིན་ཡིག་བཏང་སྟེ་ཨ་རིའི་དམག་ཨ་ཧྥི་གྷན་ནི་སི་ཐན་ནས་ཕྱིར་འཐེན་བྱ་དགོས་པའི་ཉེན་བརྡ་བཏང་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ཨ་ཧྥི་གྷན་ནི་སི་ཐན་ཐོག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཨ་རིའི་དམག་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་པ་དང་། ཟླ་འདིའི་ཚེས་ ༡༥ ཉིན་ཨ་ཧྥི་གྷན་ནི་སི་ཐན་ནང་ཡོད་པའི་ཐཱ་ལི་བྷན་འཇིགས་སྐུལ་ཚོགས་པས་ཊི་རུམ་ཕིར་འཕྲིན་ཡིག་ཅིག་བཏང་སྟེ་ཨ་རིའི་དམག་མགྱོགས་མྱུར་ཕྱིར་འཐེན་བྱ་དགོས་ཚུལ་བརྗོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཨ་རི་གཞུང་གིས་ལོ་མང་རིང་ཨ་ཧྥི་གྷན་ནི་སི་ཐན་ནང་དངོས་ཤུགས་རྒྱུད་གསུམ་གིུ་ཐོག་ནས་འགྲོ་གྲོན་འབོར་ཆེན་བཏང་སྟེ་ཨ་ཧྥི་གྷན་ནི་སི་ཐན་གཞུང་དང་ལྷན་དུ་འཇིགས་སྐུལ་རིང་ལུགས་པར་དམག་འཁྲུག་རྒྱག་བཞིན་ཡོད་པ་དང་། དམག་འཁྲུག་དེ་ནི་ཨ་རིའི་གཞུང་གི་ཆེས་དུས་ཡུན་རིང་བའི་དམག་འཁྲུག་ཞིག་ཆགས་ཡོད་ཀྱང་།  ཨ་རིའི་སྲིད་འཛིན་ཊོ་ནལ་ཊི་རུམ་ཕིས་ཨ་རིས་མུ་མཐུད་ཨ་ཧྥི་གྷན་ནི་སི་ཐན་ནང་འགྲོ་གྲོན་བཏང་སྟེ་དམག་འཁྲུག་རྒྱག་རྒྱུ་མིན་པར་དམག་མི་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་ཞིག་ཟླ་འདིའི་ཟླ་དཀྱིལ་ཙམ་ལ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཐཱ་ལི་བྷན་འཇིགས་སྐུལ་ཚོགས་པས་ཊི་རུམ་ཕིར་བཏང་བའི་འཕྲིན་ཡིག་དེའི་ནང་།   ཁྱེད་ཀྱིས་རང་ཉིད་ཀྱི་སྲིད་འཛིན་གོང་མ་དག་གི་ནོར་འཁྲུལ་ངོས་ཟིན་ཏེ།  ཨ་རིའི་ཨ་ཧྥི་གྷན་ནི་སི་ཐན་ལ་བཟུང་བའི་སྲིད་ཇུས་གསར་བ་ཞིག་གཏན་འབེབས་བྱ་འཆར་ཡོད་པ་དེ་ཡག་པོ་འདུག  རྒྱུ་མཚན་ནི།  འདས་བའི་ལོ་ངོ་ ༡༦ གི་རིང་ཨ་རིའི་དམག་མི་ཨ་ཧྥི་གྷན་ནི་སི་ཐན་ནང་བསྡད་དེ། ཨ་ཧྥི་གྷན་ནི་སི་ཐན་བདེ་འཇགས་མིན་ཁར་སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་སྟབས།  ད་ལྟ་ཨ་རིའི་དམག་མི་ཨ་ཧྥི་གྷན་ནི་སི་ཐན་ནས་ཕྱིར་འཐེན་གཙང་མ་བྱ་རྒྱུའི་སྲིད་ཇུས་ཤིག་གཏན་འབེབས་བྱས་པ་ཡིན་ན།  དེ་ནི་ཕྱོགས་གཅིག་ནས་སྲིད་ཇུས་དེས་ཨ་རིའི་དམག་མི་ཚོ་མུ་མཐུད་གནོད་ཚབས་ཆེ་བའི་ཉེན་ཁ་བརྒྱུད་མི་དགོས་པ་དང་།  ཕྱོགས་གཞན་ཞིག་ནས་སྲིད་ཇུས་དེས་ད་བར་ཨ་རིའི་གཞུང་གི་མཐོ་རིམ་ལས་བྱེད་ཚོས་ནོར་འཁྲུལ་བཟོས་ཏེ་ཨ་ཧྥི་གྷན་ནི་སི་ཐན་ནང་དམག་འཁྲུག་བརྒྱབ་པ་མཚམས་འཇོག་བྱེད་ཀྱི་ཡོད་པ་རེད་ཅེས་སོགས་བཀོད་ཡོད་འདུག

ཡང་ཐཱ་ལི་བྷན་གྱིས་ཊི་རུམ་ཕི་ལ།  ཨ་ཧྥི་གྷན་ནི་སི་ཐན་ནི་རྒྱལ་ཁབ་མང་པོ་ཞིག་གིས་ཁ་བྲལ་དུ་ཕྱིན་པའི་སྲིད་གཞུང་སྐྱོ་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་།  དོན་དངོས་ཐོག་གཞུང་གི་སྲིད་དབང་འཛིན་མཁན་ཚོས་ལྐོག་ཟ་རུལ་སུངས་ཀྱི་ལས་རིགས་རྐྱང་སྒྲུབ་སྟེ་སོ་སོའི་ཁེ་ཕན་དང་སྲིད་སྟེགས་ཁོ་ན་བསམ་བཞིན་ཡོད་ཅེས་ཊི་རུམ་ཕིར་ཉེན་བརྡ་བཏང་ཡོད་འདུག

ཐཱ་ལི་བྷན་གྱིས་ད་དུང་འཕྲིན་ཡིག་དེའི་ནང་།  ཨ་རིའི་ན་གཞོན་དམག་མི་ཚོ་ཨ་ཧྥི་གྷན་ནི་སི་ཐན་གྱི་རྐུན་ཇག་དང་ལྐོག་ཟ་རུལ་སུངས་སོགས་ལ་གོམ་ལོབས་སུ་གྱུར་བའི་དཔོན་ངན་ཚོའི་ཆེད་དུ་ཨ་ཧྥི་གྷན་ནི་སི་ཐན་གྱི་རི་དང་བྱེ་ཐང་སོགས་ནས་ཤི་དགོས་དོན་མེད་ཅེས་འཁོད་ཡོད་པ་དང་།  ཨ་རིའི་ཕོ་བྲང་དཀར་པོའི་ལམ་སྟོན་པ་ཚོས་སྲིད་འཛིན་ཊི་རུམ་ཕིར།  ཨ་ཧྥི་གྷན་ནི་སི་ཐན་ནི་བྱིས་པ་སྐྱེས་མ་ཐག་ནས་དགྲ་ཤ་ལེན་དགོས་པའི་སྐུལ་མ་བཏང་སྟེ་འཚར་ལོངས་འབྱུང་གི་ཡོད་པའི་ས་ཆ་ཞིག་ཡིན་སྟབས།  ཨ་རིས་མ་འོངས་པར་ས་གནས་དེར་བདེ་འཇགས་ཐོག་དམག་རྐང་འཛུགས་བྱེད་ཐུབ་མིན་ཐད་བསམ་བློ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད།  འོན་ཀྱང་།  ཐཱ་ལི་བྷན་གྱིས་འཕྲིན་ཡིག་དེའི་ནང་སྲིད་འཛིན་ཊི་རུམ་ཕིར།  ཨ་ཧྥི་གྷན་ནི་སི་ཐན་མི་མང་གིས་མ་འོངས་པར་ཨ་རིའི་མི་མང་ལ་དགྲ་ལྟ་བུའི་ལངས་ཕྱོགས་མི་འཛིན་པའི་ཁས་ལེན་བྱས་ཡོད་ཀྱང་།  ཨ་ཧྥི་གྷན་ནི་སི་ཐན་མི་མང་སོ་སོའི་ཁང་ཁྱིམ་གཏོར་བཤིག་གཏོང་མཁན་ཕམ་ཉེས་གཏོང་བར་ཐབས་མཁས་ཡིན་ཞེས་ཉེན་བརྡ་ཡང་བཏང་ཡོད།

ཐཱ་ལི་བྷན་ཚོགས་པས་ཉེ་བའི་ཟླ་འགའི་ནང་ཨ་ཧྥི་གྷན་ནི་སི་ཐན་གྱི་རྒྱལ་ས་གཙོས་ས་ཁུལ་མང་དག་ཅིག་ལ་དྲག་སྤྱོད་སྤེལ་ཏེ་གྲོང་ཁྱེར་ཧེ་རཱ་ཊིའི་(Herat)ཉེ་འགྲམ་དམག་སྒར་ཞིག་ནས་དམག་མི་ ༡༤༠ བསད་ཡོད་པ་དང་།  ད་ལྟ་ཐཱ་ལི་བྷན་འཇིགས་སྐུལ་ཚོགས་པས་ཨ་ཧྥི་གྷན་ནི་སི་ཐན་གྱི་ས་ཆའི་བརྒྱ་ཆ་ ༡༠ ལ་བདག་བཟུང་བྱས་ཡོད་པ་མ་ཟད།  ཨལ་ཁཱ་རྡ་དང་ཨ་ཨེ་སི་འཇིགས་སྐུལ་ཚོགས་པ་གཉིས་ཀྱིས་ཨ་ཧྥི་གྷན་ནི་སི་ཐན་གཞུང་དང་འཐབ་འཁྲུག་བརྒྱབ་སྟེ་མུ་མཐུད་ས་ཆ་བདག་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༨/༡༧

Leave a Reply