ཆབ་སྲིད་དང་ཆོས་ལུགས་ཀྱི་ནང་དོན་ཡོད་པའི་སྒོ་བྱང་བཀལ་མི་ཆོག

ཉེ་སྔོན་ནས་རྒྱ་ནག་གཞུང་གིས་ཚོང་གཉེར་ཁང་དང་བཟོ་ལས་ཁང་སོགས་ཚོགས་སྒེར་ཁག་གི་སྒོ་བྱང་གང་བྱུང་འགེལ་མི་ཆོག་པར་གཞུང་གི་ཁྲིམས་གཞི་གསར་པ་དང་མཐུན་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་སྒོ་བྱང་ལ་རྟོག་ཞིབ་དང་འབྲེལ་སྒྲིག་གཞི་གསར་པ་ཞིག་བཟོས་ཡོད་པ་མ་ཟད། རྗེས་ཕྱོགས་སྒོ་བྱང་གང་ཡིན་ཡང་གཞུང་ལ་དེབ་སྐྱེལ་བྱས་ཏེ་སྒྲིག་གཞི་དེ་དང་བསྟུན་དགོས་སྐོར་བསྒྲགས་འདུག དེ་ཡང་ཧྲང་ཧེ་ཞེས་པའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ནང་རྒྱ་ནག་དབུས་བཟོ་ལས་དོ་དམ་འཛིན་སྐྱོང་ཁང་གིས་སྒོ་བྱང་རིགས་ལ་ལྟ་ཞིབ་དོ་དམ་སྔར་ལས་ཤུགས་ཆེ་རུ་གཏོང་བའི་ལས་གཞི་ཞིག་འགོ་ཚུགས་ཡོད་པ་དང་། ཆབ་སྲིད་དང་ཆོས་ལུགས་ཀྱི་ནང་དོན་ཅན་དང་། ཆགས་སྤྱོད་དང་མི་རིགས་དབྱེ་འབྱེད་སོགས་ཀྱི་ནང་དོན་ཡོད་པའི་སྒོ་བྱང་རྣམས་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྗེས་ཕྱོགས་སྲིད་གཞུང་ལ་དེབ་སྐྱེལ་མ་བྱས་པར་གང་བྱུང་སྒོ་བྱང་འགེལ་མི་ཆོག་པ་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་སྒོ་བྱང་དང་འཛུགས་སྐྲུན་ལས་རིགས་ལ་བཀག་འགོག་བྱས་པ་ད་ཐེངས་གཅིག་པུ་ཙམ་མ་ཡིན་པར། ཕྱི་ལོ་ ༢༠༡༦་ལོར་ཆོས་ལུགས་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་མི་ཆོག་པའི་བཀག་འགོག་ཁྲིམས་གཞི་བཟོས་ཡོད་པ་དང་། ལྷག་པར་དུ་ཡུལ་སྐོར་ལྗོངས་རྒྱུ་བ་མང་ས་དང་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་ས་དག་ནས་མི་རིགས་དང་ཆོས་ལུགས་ཀྱི་ངོ་བོ་མཚོན་པའི་འཛུགས་སྐྲུན་ལས་རིགས་བཀག་འགོག་བྱས་ཡོད་པ་རེད།

སྒོ་བྱང་བཀག་འགོག་གི་ཁྲིམས་གཞི་དེའི་འོག རྒྱ་ནག་ཧྲང་ཧེའི་(Wife Biggest Electronic Commerce)ཞེས་པའི་གློག་ཆས་ཚོང་ལས་ཁང་དང་། ཧོང་ཙོ་(No Trouble Looking for Trouble Internet Technology)ཚོང་གཉེར་ཁང་སོགས་ཚོང་གཉེར་བཟོ་གྲྭ་ཆེན་པོ་ཁག་ཅིག་གི་སྒོ་བྱང་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་ཡིག་སྒོ་བྱང་ཡིག་ནོར་ཅན་རིགས་བཀལ་མི་ཆོག་པ་མ་ཟད་རྒྱ་ཡིག་ལས་དབྱིན་ཡིག་ལ་བསྒྱུར་བའི་སྒོ་བྱང་རིགས་ཀྱི་ཡིག་སྒྱུར་ཚད་ལྡན་ཡིན་མིན་ཞིབ་བཤེར་གྱིས་བཀག་སྡོམ་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་བྱིས་སྙོར་ཁང་ནས་བཟུང་སྟེ་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་གྲོང་ཁྱེར་དཔེར་ན། བོད་ཀྱི་རྒྱལ་ས་ལྷ་སར་པེ་ཅིན་ཤར་ལམ་ཟེར་བ་སོགས་ཕྱོགས་བཞིར་པེ་ཅིན་གྱི་མིང་བཏགས་ཡོད་པ་དང་། དེ་བཞིན་བོད་ཀྱི་ས་ཁུལ་གཞན་དག་གི་རྫོང་དང་གྲོང་ཁྱེར་ཁག་གི་ནང་ལའང་ཁྲུང་ཆིན་ལམ་དང་ཅང་སུའུ་ལམ་ཟེར་བ་རྒྱུན་སྤྱོད་དུ་གྱུར་ཡོད་པ་དང་། གཞན་ཡང་། བོད་ཁུལ་གྱི་སློབ་གྲྭ་ལ་ཧྲིན་ཀྲིན་ཧྥུ་ཐེན་སློབ་ཆུང་ཟེར་བ་སོགས་ཀྱི་རྒྱ་མིང་བེད་སྤྱོད་གཏོང་བཞིན་པ་མང་པོ་ཡོད་པ་རེད།

སྤྱིར་བོད་ནང་དུ་ལས་ཁུངས་ཁག་གི་སྒོ་བྱང་དང་ཡིག་ཆའི་ཁ་བྱང་། ཡིག་ཤུབས། ལག་འཁྱེར་དཔང་ཡིག ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བོད་ཡིག་ལམ་རྟགས་དང་བརྡ་ཁྱབ་སོགས་ཀྱི་སྟེང་བཀོད་པའི་བོད་ཡིག་ལ་ཡིག་ནོར་དང་ཆད་ལྷག་མང་པོ་ཡོང་གི་ཡོད་པ་མ་ཟད། ཚགས་པར་དང་དུས་དེབ། སྒྲ་བརྙན་སོགས་ཀྱི་དཔེ་སྐྲུན་དངོས་པོའི་སྟེང་གི་བོད་ཡིག་ལ་ནོར་ཆད་མང་པོ་ཡོང་གི་ཡོད་པ་རྒྱུན་དུ་མཐོང་རྒྱུ་ཡོད་པ་རེད། སྤྱི་ཚོགས་དྲ་ལམ་དར་བ་དང་བསྟུན་བོད་སྐད་ཡིག་ལ་དོ་འཁུར་ཆེ་བའི་ཤེས་ཡོན་པ་དང་རྩོམ་པ་པོ་ཁག་ཅིག་གིས། ཡིག་ནོར་ཅན་གྱི་སྒོ་བྱང་སོགས་ཀྱི་པར་རིས་དང་དེ་འབྲེལ་རྩོམ་ཡིག་སྤེལ་ཏེ་མང་ཚོགས་རང་བཞིན་གྱིས་ཡིག་ནོར་དག་བཅོས་ཀྱི་བྱ་འགུལ་སྤེལ་ཡོད་པ་མ་གཏོགས། རྒྱ་ནག་གཞུང་ཕྱོགས་ནས་དེ་རིགས་ལ་དོ་དམ་དང་ཞིབ་བཤེར་བྱས་པའི་གནས་ཚུལ་ད་ལྟའི་བར་གོ་ཐོས་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༡༨

Leave a Reply